ཁྲིམས་གླེང་།

ཐོབ་ཐང་། | འདྲ་མཉམ། | སྲུང་སྐྱོབ་།

ཆེས་མཐོ་མི་དམངས་ཁྲིམས་ཁང་ལ་བསྐུར་བའི་ཡེ་གེ་ཞིག

༄༅།། བཀུར་འོས་ཆེས་མཐོ་མི་དམངས་ཁྲིམས་ཁང་ལགས།
                                                    ཆེད་ཞུ།
ང་ཚོ་བོད་ཀྱི་ས་ཁུལ་གྱི་རང་སྐྱོང་ལྗོངས་དང་བོད་རིགས་རང་སྐྱོང་ཁུལ་དང་དེའི་ཁོངས་སུ་གཏོགས་པའི་རྫོང་དང་གྲོང་ཁྱེར་བཅས་ཀྱི་མི་དམངས་ཁྲིམས་ཁང་གི་དྲ་རྒྱའི་ནང་དུ་བོད་ཡིག་གཏན་ནས་བཀོལ་སྤྱོད་བྱེད་ཀྱིན་མེད་པས། རྒྱ་ཡིག་མི་ཤེས་པའི་བོད་རིགས་ཕལ་ཆེ་བས་དྲ་རྒྱ་དེ་དག་ལས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཁྲིམས་ལུགས་ཤེས་བྱ་ཁག་ལ་སློབ་སྦྱོང་དང་ཤེས་ཚོར་གཏན་ནས་བྱེད་ཐུབ་གིན་མེད། བོད་རིགས་རང་སྐྱོང་བྱེད་པའི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་བོད་ཡིག་བཀོལ་སྤྱོད་མི་བྱེད་པ་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས། བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་དར་སྤེལ་བཅས་ཀྱི་གཏན་འབེབས། བོད་རིགས་རང་སྐྱོང་ཁུལ་བཅུའི་རང་སྐྱོང་སྲོལ་ཡིག་དང་བོད་སྐད་ཡིག་གི་ལས་དོན་སྲོལ་ཡིག་བཅས་ཀྱི་ནང་དུ་རང་སྐྱོང་ས་ཁུལ་གྱི་ཁྲིམས་འཛིན་ལས་ཁུངས་ཀྱིས་བོད་སྐད་ཡིག་ངེས་པར་དུ་
བཀོལ་སྤྱོད་བྱེད་དགོས་པའི་དོན་ཚན་དང་འགལ་ཡོད་ཅིང་། དེ་ནི་རྒྱ་ཡིག་ཀློག་མི་ཤེས་པའི་བོད་རིགས་མང་བོ་ཞིག་གིས་བོད་རིགས་རང་སྐྱོང་གི་ས་གནས་ཀྱི་མི་དམངས་ཁྲིམས་ཁང་གི་བཅད་ཁྲ་དང་གསལ་བསྒྲགས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་ཁྲིམས་འཛིན་གསེད་བཀྲོལ་སོགས་ལ་དུས་ལྟར་རྒྱུས་ལོན་བྱེད་ཐུབ་ཀྱིན་མེད་པའི་རྐྱེན་གྱིས་ཐོབ་ཐང་སྲུང་སྐྱོབ་བྱེད་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཁྲིམས་ཁང་རྩ་འཛུགས་ཁྲིམས་ཀྱི་དོན་ཚན་༦་པ་ཡི་ནང་དུ་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་གིས་བཅད་ཁྲ་དང་། གསལ་བསྒྲགས།གཞུང་ཡིག་ཁག་གཞན་དག་སྤེལ་སྐབས་རང་སྐྱོང་ས་ཁུལ་དེའི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་ཞེས་གཏན་འཁེལ་བྱས་ཡོད་པས། བོད་རིགས་རང་སྐྱོང་ས་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གི་དྲ་རྒྱ་ཐམས་ཅད་ཀྱི་ནང་དུ་མ་གྲོས་གཅིག་མཐུན་གྱི་སྒོ་ནས་བོད་ཡིག་བཀོལ་སྤྱོད་མི་བྱེད་པའི་གནས་ཚུལ་འདི་ལ་བརྟགས་ན་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ལས་དོན་འདི་རིགས་ལ་རྒྱབ་སྐྱོར་བྱེད་པའི་འགྲེལ་བརྗོད་ཅིག་ལོགས་སུ་བཞག་ཡོད་དམ་སྙམ་པའི་དོགས་པ་ཞིག་སྐྱེས་མྱོང་མོད། འོན་ཀྱང་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་རྩ་ཁྲིམས་དང་རྦད་དེ་འགལ་བའི་བཀའ་རྒྱ་འདི་ལྟ་བུ་སྤེལ་མི་སྲིད་པས་ན་དོགས་པ་འདི་ལ་ཕལ་ཆེར་གཞི་འཛིན་ས་མེད་པར་སྙམ། དེ་ནས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་དེའི་འོག་གི་ཁུལ་རང་བཞིན་ཅན་གྱི་གྲོང་ཁྱེར་དང་ས་ཁུལ། བོད་རང་སྐྱོང་ཁུལ་བཅུ་དང་དེའི་ཁོངས་གཏོགས་ཀྱི་རྫོང་ཁག་བཅས་ཀྱི་མི་དམངས་ཁྲིམས་ཁང་བཅས་ཀྱིས་ཀྱང་རྩ་ཁྲིམས་དང་མི་དམངས་ཁྲིམས་ཁང་རྩ་འཛུགས་ཁྲིམས་ཀྱི་གཏན་འཁེལ་མི་ཤེས་པ་མི་སྲིད་ཅིང་། རང་གི་ས་ཁུལ་གྱི་རང་སྐྱོང་སྲོལ་ཡིག་དང་བོད་སྐད་ཡིག་ལས་དོན་གྱི་སྲོལ་ཡིག་བཅས་ཀྱི་གཏན་འཁེལ་ཡང་མི་ཤེས་པ་མི་སྲིད་ཅིང་།བོད་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་ཡིན་པའི་ཆ་ནས་ཁོང་ཚོས་དུས་གཅིག་དང་ཕྱོགས་ཡོངས་ནས་རང་གི་སྲོལ་ཡིག་དང་མི་མཐུན་པའི་ལས་ཀ་ལས་མི་སྲིད་པར་འདོད་ནའང་། དངོས་ཡོད་གནས་ཚུལ་ནི་ཁོང་ཚོས་ཁྲིམས་དང་མི་མཐུན་པའི་ལས་ཀ་ལས་དང་ལས་བཞིན་པ་དེ་ཁོང་ཚོའི་གཞུང་ཕྱོགས་ཀྱི་བོད་ཡིག་ཉག་གཅིག་མེད་པའི་དྲ་རྒྱ་ཐམས་ཅད་ཀྱིས་བདེན་དཔང་བྱེད་ཐུབ། གནད་དོན་འདི་ལ་གཞིགས་ནས་སོམ་ཉི་དང་ཐེ་ཚོམ་གྱི་རྒྱ་ལས་ཐར་མ་ཐུབ་པར། ང་ཚོས་ཆེས་མཐོ་མི་དམངས་ཁྲིམས་ཁང་ལ་གཤམ་གྱི་དྲི་བ་འདི་དག་འདྲི་རྒྱུ་ཡིན། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ང་ཚོར་ལན་ཞིག་བསྐུར་རྒྱུ་དེ་ང་ཚོའི་རེ་བའོ།།
༡ བོད་ཀྱི་སྐད་ཡིག་དེ་བོད་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་གི་དྲ་རྒྱ་ལ་མཚོན་ན་བཀོལ་མི་རུང་བའི་ཡིག་རིགས་ཤིག་ཡིན་ནམ། དེ་ལྟར་ཡིན་ན་དེ་ལ་ཁྲིམས་ལུགས་ཀྱི་རྒྱབ་རྟེན་ཅི་ཡོད་དམ། དེ་ལྟར་མིན་ན་བོད་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་ཐམས་ཅད་ཀྱི་དྲ་རྒྱའི་ནང་དུ་བོད་ཡིག་མི་འཇོག་པའི་རྒྱུ་མཚན་ཅི་ཡིན་ནམ།
༢ བོད་རིགས་རང་སྐྱོང་ས་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་ལ་མཚོན་ན་བོད་ཡིག་ནི་མེད་ན་ཆོག་པའི་ཡིག་རིགས་ཤིག་ཡིན་ནམ།
༣ བོད་ཁུལ་གྱི་རྒྱ་ཡིག་ཀློག་མི་ཐུབ་པའི་རྒྱ་ཆེའི་བོད་རིགས་རོང་འབྲོག་མང་ཚོགས་ཀྱིས་རང་གི་མི་དམངས་ཁྲིམས་ཁང་གི་དྲ་རྒྱའི་ནང་དུ་ཡོད་པའི་བཅད་ཁྲ་དང་གསལ་བསྒྲགས་སོགས་ཀློག་མ་ཐུབ་པའི་རྐྱེན་གྱིས་ཁོང་ཚོའི་ཐོབ་ཐང་ལ་གོད་ཆག་བྱུང་ན་དེ་ནི་མང་ཚོགས་ཀྱིས་རྒྱ་ཡིག་མ་ཤེས་པས་སོ་སོའི་སྡུག་གྱོང་ཡིན་ནམ། ཡང་ན་བོད་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་གིས་ཁྲིམས་མ་བསྲུངས་ཏེ་གཞུང་འབྲེལ་དྲ་རྒྱར་བོད་ཡིག་མ་བཞག་པར་ལས་དོན་འཐུས་ཤོར་ལ་སོང་བའི་སྐྱོན་གྱིས་བྱས་པ་རེད་དམ།
ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཀྲ་ཤིས་དབང་ཕྱུག་གི་ཉེས་དོན་གྱོད་གཞི་ལ་ཁྲིམས་བཤེར་འདྲི་གཅོད་བྱེད་བཞིན་པའི་སྒང་ཡིན། བཀྲ་ཤིས་དབང་ཕྱུག་གིས་ཡུལ་ཤུལ་མི་དམངས་ཁྲིམས་ཁང་དང་སྲིད་གཞུང་ལ་སོགས་པའི་ཁྲིམས་འཛིན་དང་སྲིད་འཛིན་ལས་ཁུངས་ཀྱིས་བོད་ཡིག་བཀོལ་སྤྱོད་བྱེད་ཀྱིན་མི་འདུག་ཅེས་བསམ་འཆར་བཤད་པ་ཙམ་གྱིས་དེ་གའི་ཁྲིམས་འཛིན་ལས་ཁུངས་སོགས་ཀྱིས་ཁོང་འཛིན་བཟུང་བྱས་ཏེ་ཉེས་འཛུགས་བྱས་པ་རེད། ཡིན་ནའང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་སྲིད་གཞུང་གི་དྲ་རྒྱའི་ནང་དུ་བོད་ཡིག་ཡིག་འབྲུ་གཅིག་ཀྱང་བྲིས་མེད། ས་གནས་སྲིད་གཞུང་དང་མི་དམངས་ཁྲིམས་ཁང་སོགས་ཀྱི་སྔ་ཚིག་ཕྱི་ཚིག་གིས་མི་ནོན། རྐང་རྗེས་ལག་པས་མི་བསུབ་པའི་བྱ་སྤྱོད་དེ་དག་གིས་བོད་མི་མང་གི་སེམས་ཕྱུང་བ་མ་གཏོགས་གཞན་གྱིས་མིན། བོད་ཁུལ་ན་འདི་འདྲའི་གནད་དོན་ཁྱབ་བརྡལ་དུ་གྱུར་ཡོད་པའི་སྣང་ཚུལ་དེ་དག་ལ་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་དོ་སྣང་བྱེད་དགོས་པའི་དུས་ལ་བབ་འདུག མཐར་རྒྱལ་ཁབ་ཁྲིམས་སྐྱོང་གི་སྣང་བས་རྒྱལ་ཁམས་འདིའི་མུན་པ་སེལ་བར་ཤོག་ཅེས་སྒྲོལ་མ་སྐྱབས་ལ་སོགས་པའི་མདོ་དབུས་ཁམས་གསུམ་དང་རྒྱལ་ཁབ་ཕྱི་ནང་གང་རུང་དུ་གནས་བསྡོད་བྱས་ཡོད་པའི་བོད་མི་བརྒྱ་དང་བཅུ་བདུན་གྱིས་སྤྱི་ལོ་༢༠༡༨་ལོའི་ཟླ་དང་པོའི་ཚེས་༡༡་ཉིན་ལ་ཕུལ།
ཡི་གེ་ཕུལ་མཁན།
སྒྲོལ་མ་སྐྱབས།  བཀྲ་ཤིས་དོན་འགྲུབ།  བསྟན་འཛིན། བློ་བཟང་ནམ་མཁའ།  བ་ཡོད་གྲགས་པ་རྒྱལ་མཚན།  རྟ་མགྲིན་འབུམ། ཐོགས་མེད།  དོན་འགྲུབ་རྒྱ་མཚོ། འུར་རྡོ། དཔལ་བཟང་རྡོ་རྗེ།  དབང་ལྡན།  ཤེས་རབ།  བསྟན་པ་ཚེ་རིང་།  ཚེ་སྟོབས།  དཀོན་མཆོག་ཚེ་དབང་།  གླིང་བསྟན།  རྡོ་རྗེ་ཚེ་རིང་།  སྒྲོལ་མ་ཚེ་བརྟན།  པད་མ་ཚེ་རིང་།  ཚེ་རིང་ཆོས་འགྲུབ།  དཀོན་མཆོག་ཚེ་འཕེལ།  སྐྱ་བུ།    དར་འབུམ་ཚེརིང་།  གནམ་ལྕགས་རྡོ་རྗེ།  པདྨ་རྒྱལ།  འབྲུག་རྒྱས།  འོད་ཟེར་འབུམ།རིན་ཆེན་རྡོ་རྗེ།  འཇིག་པོ།  རྣམ་རྒྱལ།  དབང་དར།  མཁའ་འགྲོ  དབྱངས་གསལ་སྐྱབས།  འཇིགས་བྱེད་སྐྱབས།  བློ་བཟང་དོན་འགྲུབ།  སྐལ་ལྡན་དབང་མོ།  སྟག་ལྷ་འབུམ།  ཨ་རིག་ལྷ་འབུམ།  ཨ་རིག་མགོན་པོ་རྒྱལ། གུ་རུ་རྒྱལ་མཚན།  ངག་དབང་བློ་བྲོས།  ཀུན་བཟང་རྒྱལ་མཚན།  ཚེ་རིང་ནོར་བུ།  བཀྲ་ཤིས་རྒྱ་མཚོ།  ཨ་ཁྲི་ཆེན།    བསམ་དབང་།  དོན་འགྲུབ་རྡོ་རྗེ།  དཔལ་བཟང་།  བློ་བཟང་རྒྱ་མཚོ།  ཐོ་རེངས། (ཁྲི་ཀ)   བློ་བཟང་དཔལ་ལྡན། (མཚོ་ལྷོ།)  ལྷ་མཁར་རྒྱལ། (ཁྲི་ཀ)  ཚེ་འབྲུག་རྒྱལ།    རིག་འཛིན་རྡོ་རྗེ།  སྐལ་བཟང་སྐྱབས།  དབྱངས་ཅན།  རྣམ་པར་རྒྱལ།  ཐར་མདོ།  བོན་ཐར།(ཁྱུང་བོ་སྟེང་ཆེན།)  རྡོ་ཚེ། (རྨ་ལྷོ)  ཚེ་ཐར་འབུམ། (ཁྲི་ཀ)  སྦྱིན་པ་མཐར་ཕྱིན། (ཁྲི་འདུ།)  བློ་གྲོས་ཀུན་གསལ། (རྔ་བ།)  བསྟན་པ་ལམ་བཟང་།  གུ་རུ་རྡོ་རྗེ།  པདྨ་ཚེ་རིང་།  ཚེ་རིང་ཐར།  ཚེ་རིང་བཀྲ་ཤིས།  ཉི་འོད།  ཀུན་དགའ་སྒྲོལ་མ།  ཀླུ་ཐར་རྒྱལ།(མཚོ་ལྷོ།)  ཆོས་དར་རྒྱལ།(མཚོ་ལྷོ།)  དབང་བྷ།(མཚོ་ལྷོ།)  ཚུལ་ཁྲིམས་མཐར་ཕྱིན།  ཀླུ་བརྒྱ་ཐར།  རྡོ་རྗེ་སྐྱབས།(གཅན་ཚ།)  ཚེ་དབང་སྒྲོལ་མ།  བན་ཚེ་རིང་།(ཅོ་ནེ།)  བླ་མ་སྐྱབས།(ཀན་ལྷོ།)  ཚེ་རིང་།(མཚོ་སྔོན།)  བཀྲ་ཤིས་དོན་འགྲུབ།(མགོ་ལོག)  ཐོགས་མེད། (མགོ་ལོག)  ལྷ་མཆོག (རྔ་བ།)  བཀྲ་ཤིས་དགེ་ལེགས།  མཁར་ལོ།(བླ་བྲང་།)  ལྷག་བསམ།(མཚོ་སྔོན་ཞོན་ཧྭ།)  དྲན་གསལ་རང་གྲོལ། (ཟི་ཁྲོན་དཀར་མཛེས་གསེར་རྟ།)  བསྟན་པ། (ཀན་ལྷོ།)  བསྟན་འཛིན་བློ་ལྡན། (མཚོ་ལྷོ་ཁྲི་ཀ།)  སྟོབས་ཆེན་རྒྱལ།(མཚོ་སྔོན་བྲག་དཀར་རྫོང་།)  རྡོ་རྗེ།(རྩེ་ཁོག)  ཆོས་སྐྱབས།(ཛམ་ཐང་།)  རྡོ་རྗེ།(བླ་བྲང་།)  ཟོན་ཐར་ཚེ་རིང་།(རྨ་ལྷོ།)  ལྕགས་ཐར་འབུམ།(ཁྲི་ཀ)  རྡོ་རྗེ་འབུམ།(མཚོ་ལྷོ།)  འཇམ་དབྱངས།(མཚོ་ལྷོ་ཁྲི་ཀ། )  མགོན་པོ།(ཙ་ཡུས།)  རྒྱལ་མཚན་ནོར་བུ།(མགོ་ལོག)  རྒྱལ་པོ།(གཞིས་ཀ་རྩེ།)  སངས་རྒྱས་མཚོ།(མཚོ་ལྷོ།)  ཨ་མགོན།(མཛོད་དགེ)  གཅོད་པ་དོན་འགྲུབ།(མཛོད་དགེ)  ཚེ་རིང་རྣམ་རྒྱལ།(ཟི་ཁྲོན་ཟུང་ཆུ།)  རྡོ་རྗེ།  ཡེ་ཤེས་རྒྱ་མཚོ།(མདོ་ལྷོ་བསང་ཆུ།)  ཤེས་རབ་ཉི་མ།(གཏེར་ལམ་རྫོང་།)  ཡར་འཕེལ།(ཡུལ་ཤུལ་ནང་ཆེན།)  ཆོས་འབྱོར་རྒྱལ་མཚན།(མཚོ་ལྷོ།) སྐར་མ་ལྷུན་འགྲུབ།(མཚོ་ལྷོ།)  བདེ་མཆོག་ཐར།(མཚོ་ལྷོ་བྲག་དཀར་རྫོང་།)  ཡུམ་བཀྲ་ཤིས།(ཀན་ལྷོ་ཅེ་ནེ་ཆོས་དཔལ།)  ཁམས་སྨྱོན་ཧེ་རུ་ཀ (ཡུལ་ཤུལ་ནང་ཆེན།)  ཤ་བོ་བཀྲ་ཤིས། (རྨ་ལྷོ་རེབ་གོང་།)  མཁས་བཙུན་རྒྱ་མཚོ། (མདོ་སྨད་ཁྲི་ཀ)  དཀོན་མཆོག་ཚེ་དབང་།(འབྲི་རུ་ཤག་ཆུ།)  ཚེ་རིང་། ལྷ་མཆོག་འབུམ། (མཚོ་ལྷོ་ཁྲི་ཀ) སྲས་མཆོག་རྡོ་རྗེ།(མཚོ་ལྷོ།)  ཀློང་གསལ།(དཀར་མཛེས་གསེར་རྟ།)  ཚེ་རིང་དོན་གྲུབ། (ཟུང་ཆུ།)  ཐུབ་བསྟན་ཚེ་རིང་། (ཀན་ལྷོ་རྨ་ཆུ།) ལ་སོགས་པས།

ཉེས་ཁྲིམས་ཀྱི་དོན་ཚན་༡༠༣་པ་ལས་འཕྲོས་པ། 

ཉེས་ཁྲིམས་ཀྱི་དོན་ཚན་༡༠༣་ཡི་ཚན་པ་༢་པ་ནི་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱེད་པའི་བྱས་ཉེས་ཀྱི་མཚན་ཉིད་དང་དེ་ལ་དཔག་པའི་ཉེས་ཆད་གཏན་འབེབས་བྱས་ཡོད་པའི་ཉེས་ཁྲིམས་ཀྱི་དོན་ཚན་ཞིག་ཡིན། དེའི་མཚན་ཉིད་ནི་སྦྱོར་བ་བོ་གང་ཞིག་གིས་རྒྱལ་ཁབ་ཁ་ཕྲལ་བར་བྱ་ཆེད་དང་རྒྱལ་ཁབ་གཅིག་གྱུར་གཏོར་བརླག་བྱ་ཆེད། ས་གནས་སྲིད་དབང་སྒེར་གཅོད་བྱས་ཏེ་དབུས་གཞུང་ངམ་ཀྲུང་དབྱང་གི་བཀའ་ཁྲིམས་དང་འགོ་ཁྲིད་ལ་ངོ་ལོག་བྱེད་པའམ། ས་གནས་རང་བཙན་དང་མི་རིགས་དགྲར་ལངས་ཀྱི་འགལ་ཟླ་བཟོས་ནས་མི་རིགས་སྣ་མང་ཀྱི་རྒྱལ་ཁབ་ཞིག་ཁ་ཕྲལ་བར་སྐུལ་སློང་དང་སྐུལ་འདེད་བྱེད་པའི་ནག་ཉེས་ཀྱི་བྱ་སྤྱོད་བསགས་པ་ཞིག་ལ་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱེད་པའི་བྱས་ཉེས་ཟེར། ནག་ཉེས་འདི་རིགས་ནི་རྩོལ་ཉེས་ཡིན་པས་སྐུལ་སློང་གི་བྱ་རྩོལ་ལམ་སྦྱོར་བའམ་སྤེལ་མ་ཐག་མཐར་ཐུག་གི་འབྲས་བུ་མངོན་གྱུར་མ་བྱུང་རུང་ནག་ཉེས་གྲུབ་ཟིན་པ་ཞིག་ལ་ཟེར་

གི་ཡོད། དེའི་རྒྱུ་མཚན་གྱིས་མི་གཞན་ལ་སྐུལ་སློང་བྱས་ནས་རྒྱལ་ཁབ་ཁ་འཐོར་བའམ་མི་རིགས་འགལ་ཟླའི་མཇུག་འབྲས་དེ་མངོན་གྱུར་བྱུང་ཡོད་མེད་ལ་རྟེན་ནས་ཉེས་ཆད་གཅོད་དགོས་པ་ཞིག་མིན་པར་རྩོལ་བ་རང་དེ་ལ་ཉེས་ཆད་བཅད་ན་ཆོག རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱེད་པའི་ནག་ཉེས་འདི་ནི་རྒྱལ་ཁབ་བདེ་འཇགས་ལ་འབྲེལ་བ་ཡོད་པའི་ཉེས་བྱས་ཤིག་ཡིན་པས་དེའི་ཆད་པའང་ཤིན་ཏུ་ལྗིད། སྐུལ་སློང་གི་ལས་ལ་འགོ་ཁྲིད་དང་རྩ་འཛུགས་བྱེད་མཁན་ནམ་བྱས་ཉེས་ཚབས་ཆེན་བཟོས་མཁན་ལ་ལོ་༥་ཡན་དང་ལོ་༡༥་མན་གྱི་བཙོན་འཇུག་གི་ཉེས་ཆད་བཅད་ཆོག་པ་དང་། བྱས་ཉེས་ཕལ་བ་བ་ལ་ལོ་༥་མན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཆོག་ཅེས་དོན་ཚན་༡༠༣་ནང་དུ་འཁོད་ཡོད། ལར་བྱས་ཉེས་འདིའི་གནོད་བྱའམ་གཞི་རྟེན་ནི་རྒྱལ་ཁབ་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་ཡིན་པ་དང་། སྦྱོར་བ་ནི་རྒྱལ་ཁབ་ཁ་ཕྲལ་བར་བྱེད་ཆེད་ས་གནས་རང་བཙན་དང་ས་གནས་སྲིད་དབང་སྒེར་འཛིན་བྱས་ཏེ་དབུས་གཞུང་ལ་ངོ་རྒོལ་བྱེད་པར་སྐུལ་སློང་ངམ་ངན་བསྐུལ་གྱི་བྱ་སྤྱོད་སྤེལ་བ། བསམ་པ་ནི་རྒྱལ་ཁབ་ཁ་བྲལ་བའམ་མི་རིགས་འགལ་ཟླ་བྱུང་བའམ་སྲིད་དབང་ཁ་འཐོར་བར་བསམ་བཞིན་ཏུ་རེ་ལྟོས་འཆའ་བའི་ཀུན་སློང་གིས་ཟིན་པ། མངོན་འདོད་ཙམ་མ་ཡིན་པར་རེ་ལྟོས་འཆའ་བའི་དངོས་པོའམ་བྱ་བ་མངོན་གྲུབ་བྱུང་ཆེད་དེ་ལ་མཐུན་སྦྱོར་བྱེད་པའི་གོང་འཁོད་ཀྱི་ལས་ཅི་རིགས་སྤེལ་ཟིན་ན་བྱས་ཉེས་དེའི་མཐར་ཐུག་གྲུབ་པ་ཡིན། དེ་ལྟ་བས་བྱས་ཉེས་འདི་གྲུབ་དགོས་ན་གཞི་བསམ་སྦྱོར་མཐའི་ཡན་ལག་འདི་བཞི་ངེས་པར་དུ་ཚང་དགོས། གལ་ཏེ་ཡན་ལན་གང་རུང་མ་ཚང་ན་བྱས་ཉེས་མི་འགྲུབ་པའི་རྒྱུ་མཚན་གྱིས་ན་སྨད་དམ་ལྟུང་བྱེད་ཅི་རིགས་སུ་བཞག་ནས་སྲིད་འཛིན་ཆད་པ་གཅོད་པའམ་ཉེན་བརྡ་གཏོང་བའམ་གུ་ཡངས་པར་འཇོག་པ་ལས་ཉེས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཉེས་ཆད་གཅོད་མི་ཆོག གལ་ཏེ་འུ་ཚུགས་མཐར་སྐྱེལ་གྱིས་ཉེས་ཆད་བཅད་ན་ཉེས་ཁྲིམས་ཀྱི་དོན་ཚན་༡༣་གྱིས་གཏན་འཁེལ་བྱས་པའི་ཉེས་ཆད་ཁྲིམས་ཀྱིས་གཏན་འབེབས་ཀྱི་རྩ་དོན་ལ་འགལ་ཡོད།

ད་བར་རྒྱལ་ཁབ་ཀྱི་མི་རིགས་ས་ཁུལ་ལ་ལ་ནས་རྩ་ཁྲིམས་ཀྱི་དོན་ཚན་༤༡་གི་བཀའ་ལུང་ལ་རྟེན་ནས་རང་རང་ས་ཁུལ་གྱི་མི་དམངས་སྲིད་གཞུང་སོགས་ཀྱིས་མི་རིགས་སྲིད་ཇུས་དང་ཁྲིམས་ལུགས་ལག་བསྟར་མ་བྱས་པའམ་འཐུས་ཚང་བར་ལག་བསྟར་མ་བྱས་པའི་ལེ་ལན་གྱིས་མི་རིགས་ས་ཁུལ་དེའི་དཔལ་འབྱོར་དང་རིག་གནས་ལ་བགེགས་དང་བར་ཆད་བྱེད་བཞིན་འདུག་ཅེས་སྤྱི་དམངས་ཀྱིས་སྐྱོན་བརྗོད་དང་བསམ་ཚུལ་བཏོན་པའམ། རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱིས་མངོན་གསལ་དུ་གཏན་འཁེལ་བྱས་པའི་ཐོབ་ཐང་དེ་དག་མངོན་གྱུར་བྱ་དགོས་ཞེས་བསམ་འཆར་དང་རེ་འདུན་ཡིག་ངག་བརྙན་གསུམ་གང་རུང་གི་སྒོ་ནས་སྤེལ་བའི་བྱ་སྤྱོད་དེ་དག་ནི་རྩ་ཁྲིམས་ཐོབ་ཐང་ལོངས་སྤྱོད་བྱས་ཏེ་བསམ་འཆར་བཤད་པའི་བྱ་སྤྱོད་ཡིན་པ་ལས་ཉེས་ཁྲིམས་ཀྱི་དོན་ཚན་༡༠༣་པས་གཏན་འབེབས་བྱས་པའི་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པའི་ཉེས་བྱས་ཀྱི་བྱ་སྤྱོད་མིན། དེའི་རྒྱུ་མཚན་གྱིས་གང་ཞིག་ནག་ཉེས་ཡིན་པ་དང་གང་ཞིག་ཐོབ་ཐང་ལོངས་སྤྱོད་ཡིན་པའི་མུའམ་སོ་མཚམས་དེ་ང་ཚོས་ངེས་པར་དུ་ཤེས་ནས་བསྲུང་དགོས་པ་མ་ཟད། ཁྲིམས་ཁང་དང་ས་གནས་སྲིད་གཞུང་གིས་ཀྱང་གནད་དེ་ཤེས་པའི་སྒོ་ནས་བསྲུང་དགོས། བཀྲ་ཤིས་དབང་ཕྱུག་གིས་དེང་སྐབས་བོད་སྐད་ཡིག་གི་གནས་བབས་དང་དེ་ལས་མཆེད་པའི་གནད་དོན་ཁག་སྤྱི་དམངས་ཞིག་ཡིན་པའི་ཆ་ནས་ཆེས་མཐོ་མི་དམངས་ཁྲིམས་ཁང་སོགས་ལ་ཞུ་གཏུག་བྱས་པ་དེ་ང་ཚོའི་སྣང་ངོར་དེ་ནི་ཁྲིམས་མཐུན་གྱི་བྱ་སྤྱོད་ཅིག་ཡིན་པར་གྲུབ་ཡོད་མོད། ཁོང་གི་བྱ་སྤྱོད་དེ་ལ་གསར་ལམ་ལ་ལས་བེད་སྤྱོད་བཏང་ནས་སྲིད་གཞུང་ལ་ཁ་བཏང་བའི་ངན་འབྲས་བྱུང་ཡོད་ཀྱང་། ངན་འབྲས་དེ་ནི་བཀྲ་ཤིས་དབང་ཕྱུག་གིས་སྦྱོར་བ་མིན་ལ་བཀྲ་ཤིས་དབང་ཕྱུག་གི་མངོན་འདོད་དེ་བས་ཀྱང་མིན། དེའི་རྒྱུ་མཚན་གྱིས་སྲིད་གཞུང་གི་ཆེ་མཐོང་ལ་གནོད་མཁན་དེ་གསར་ལམ་དང་ས་གནས་སྲིད་གཞུང་ཡིན་པ་ལས་བཀྲ་ཤིས་དབང་ཕྱུག་མིན། སང་ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཀྲ་ཤིས་དབང་ཕྱུག་གི་གྱོད་དོན་ལ་ཁྲིམས་བཤེར་བྱེད་གིན་རེད། གཙོ་འཛིན་ཞི་ཅིན་ཕུན་གྱིས་མང་ཚོགས་ལ་ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་ནས་འདྲ་མཉམ་དྲང་བདེན་གྱི་ཚོར་བ་རོལ་བར་འབད་འབུངས་བྱེད་དགོས་(“努力让人民群众在每一个司法案件中都感受到公平正义” 习近平语)ཞེས་པའི་བསྐུལ་སློང་ལྟར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཁྲིམས་ཁང་གིས་ཀྱང་ཡུལ་ཤུལ་ཁུལ་ཁྲིམས་འཛིན་ལས་ཁུངས་ཀྱིས་ལོ་གཉིས་རིང་ལ་ཁྲིམས་ཐག་མ་བཅད་པར་བཀག་ཉར་བྱས་ཡོད་པའི་བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་འཛིན་དྲང་བདེན་གྱི་བདེ་དྲོད་དེ་སྦྱིན་དགོས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་སྦྱོང་སྤེལ་སྤྱོད་གསུམ་གྱི་གནས་བབས་དང་ལས་དོན་ལ་སྐྱོན་དང་འཐུས་ཤོར་མི་ཉུང་བ་ཞིག་ཡོད་པས། སྤྱི་དམངས་སུ་གང་གིས་སྐྱོན་བརྗོད་རུང་བ་དང་བསམ་འཆར་བཤད་རུང་བ་ཞིག་གི་ཚད་ལ་ཐོན་ཡོད། སྐྱོན་བརྗོད་དང་བསམ་འཆར་ལས་ཡུལ་ཤུལ་ཁུལ་གྱི་དབང་འཛིན་ལས་ཁུངས་ཀྱིས་ཏང་དང་རྒྱལ་ཁབ་དང་མི་དམངས་ཀྱི་རེ་འདུན་ལྟར་ལས་དོན་དྲང་བདེན་སྒོས་བསྒྲུབ་གིན་རེད། ང་ཚོས་ཡིད་ཆེས་དང་ཡི་མུག་གི་སོ་མཚམས་ནས་ལྟོས་ནས་བསྡད་ཡོད། ཉན་ནས་བསྡད་ཡོད། ཁྲིམས་འཛིན་དྲང་བདེན་ཉིད་རྒྱལ་གྱུར་ཅིག

དབྱར་རྩྭ་དགུན་འབུ་དང་འབྲེལ་བའི་ཁྲིམས་ལུགས་སྐོར་གྱི་ཤེས་བྱ་ཁག

དབྱར་རྩྭ་བརྐོ་བའི་སྐབས་སུ་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁག་ལ་ཤེས་ཚོར་ཅུང་ཟད་ཡོད་ན། རང་ཉིད་ཀྱི་ཐོབ་ཐང་དང་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་པ་ལ་ཕན་པ་ཆེ། ལྷག་པར་དུ་དེང་སྐབས་ས་གནས་སྲིད་གཞུང་གི་སྤྱི་བདེ་དང་ཁོར་ཡུག་ལས་ཁུངས་སོགས་ཀྱིས་དབྱར་རྩྭ་བརྐོ་བའི་དུས་ཚུགས་དང་བསྟུན་ནས་ཁྲིམས་དང་མི་མཐུན་པའི་ཆད་པ་སྣ་ཚོགས་བཅད་དེ་རང་གི་ལས་ཁུངས་ལ་ཡོང་འབེབ་འཚལ་བའི་བྱ་སྤྱོད་ངན་པ་གང་མང་སྤེལ་གྱིན་ཡོད། རྒྱ་ཆེ་བའི་རོང་འབྲོག་པ་མང་ཚོགས་རྣམས་ཀྱིས་ཁྲིམས་ལུགས་ཀྱི་ཤེས་བྱ་ལ་རྒྱུས་ལོན་ཆེར་མེད་པས་རྐྱེན་གྱིས་འདི་འདྲའི་བྱ་སྤྱོད་ངན་པ་སུན་ཕྱུངས་ཐུབ་གིན་མེད། རྒྱུ་མཚན་དེ་དག་ལ་དམིགས་ནས་དབྱར་རྩྭ་དང་འབྲེལ་བ་ཡོད་པའི་ཁྲིམས་ཀྱི་དཔེ་ཐང་མདོར་བསྡུས་འདི་བྲིས་པ་ཡིན། འདིས་ཀྱང་རོང་འབྲོག་མང་ཚོགས་རྣམས་ལ་ཕན་པར་ཤོག

ཁྱིམ་ཐོ་དང་ས་ཞིང་བདག་དབང་ཐོབ་ཐང་གི་སྐོར་རོབ་ཙམ་བཤད་པ།

དེང་སྐབས་གྲོང་ཁྱེར་ནས་ཁྱེད་ཀྱི་ཁྱིམ་ཐོ་འཇོག་དོན་མེད་ན། རང་གི་ཁྱིམ་ཐོ་དེ་ཕྱིར་འབྲོག་ཕྱོགས་དང་ཞིང་གྲོང་ལ་སྤོར་ན་བཟང་། ད་ལོ་དང་སང་ལོ་གཉིས་ནི་ཞིང་སྡེ་བཅོས་སྒྱུར་སྲིད་ཇུས་ལག་བསྟར་གྱི་ལོ་མཐའ་མ་དེ་ཡིན་པ་དང་། སང་ལོ་ནི་རྒྱལ་ཡོངས་ཀྱི་རོང་འབྲོག་ཕྱོགས་ས་ཞིང་བདག་དབང་ཐོབ་ཐང་གཏན་འཁེལ་བྱེད་པའི་ལས་དོན་ཡོངས་འགྲུབ་བྱེད་དགོས་པའི་ལོ་ཞིག་ཡིན་ཕྱིན། ས་ཞིང་དོ་དམ་དང་གཞིས་སར་ཆོག་མཆན་འགོད་པའི་ལས་དོན་སོགས་ཀྱི་ཆ་རྐྱེན་ཇེ་བཙན་ཇེ་དམ་དུ་འགྲོ་སྲིད། དེའི་ཕྱིར་གྲོང་ཁྱེར་ན་ཡོད་པའི་ཁྱིམ་ཐོ་རོང་འབྲོག་ས་ཁུལ་དུ་བསྐྱར་སྤོ་བྱས་ཏེ་ས་

བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་གི་ཐོབ་ཐང་ཐད་ཀྱི་གཏན་འབེབས་གསར་རྙིང་གཉི་གའི་ཁྲིམས་ཡིག་ཤན་སྦྱར།

དེང་སང་དྲ་ཐོག་ན་༼བོད་ཡིག་མ་སྦྱངས་ན་ཁྲིམས་འགལ་རེད་༽ཟེར་བའི་རྩོམ་ཞིག་བརྒྱུད་བསྐུར་མང་བོ་བྱེད་བཞིན་འདུག རྩོམ་གྱི་མིང་ནི་དེ་ལྟར་བཏགས་མོད་ཀྱང་རྩོམ་གྱི་བརྗོད་བྱ་ནི་༡༩༨༧་ལོར་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་སྟེང་དུ་བཟོས་པའི་༼བོད་རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་གཏན་འབེབས་༽(ཚོད་ལྟ་མ་)་དེ་རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་བ་ཡིན་པའི་ཁྲིམས་ཡིག་རང་རེད། ༼གཏན་འབེབས་ཚོད་ལྟ་མ་༽དེ་ཡང་༢༠༠༢་ལོར་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་སྟེང་དུ་བསྐྱར་བཅོས་བྱས་ཏེ། སྔོན་གྱི་༼གཏན་འབེབས་ཚོད་ལྟ་མ་༽དེ་ནུས་མེད་དུ་བཟོས་ཤིང་༼བོད་རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་གཏན་འབེབས་༽ཞེས་པའི་ གཏན་འབེབས་གསར་བ་ཞིག་གསར་བཟོ་བྱས་པ་རེད། གཏན་འབེབས་གསར་བ་དེ་ཡིས་༼གཏན་འབེབས་ཚོད་ལྟ་མའི་༽གཏན་འཁེལ་ལེགས་ཤོས་ཚང་མ་ཕྱིར་འཐེན་དང་ནུས་མེད་དུ་བཟོས་ནས་བོད་སྐད་ཡིག་གི་ཐོབ་ཐང་གཟུགས་བརྙན་ཙམ་དུ་བྱས་ཡོད་པས། བློ་མཐུན་བཀྲ་ཤིས་ཚེ་རིང་སོགས་ཀྱིས་གཏན་འབེབས་གསར་བ་དེ་ལ་དགག་པ་ཚ་ནན་བརྒྱབ་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་གི་ཁྲིམས་བཟོ་གནས་བབས་ལ་གསལ་རྟོགས་བྱུང་བའི་ཆེད་དུ། གཤམ་ནས་གཏན་འབེབས་གསར་རྙིང་གི་ཁྲིམས་ཡིག་ཤན་སྦྱར་བྱས་ཏེ་སྤེལ་ཡོད། ཡི་གེ་དམར་པོ་སྟེང་བྲིས་ཡོད་པ་དེ་ནི་༡༩༨༧་ལོར་བཟོས་པའི་༼གཏན་འབེབས་ཚོད་ལྟ་མའི་༽ཁྲིམས་ཡིག་ཡིན་པ་དང་། ཁྲིམས་ཡིག་དེ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་མཁན་གངས་ཆུ་མིག་ཡིན་ལ་དྲ་ཐོག་ནས་རྒྱུགས་ཆེ་བའི་ཁྲིམས་ཡིག་དེ་ཡང་འདི་ཉིད་ཡིན། ཡིན་ནའང་༢༠༠༢་ལོར་གཏན་འབེབས་དེ་ནུས་མེད་དུ་བཟོས་ཟིན་པ་རེད།  ཡི་གེ་ནག་པོ་སྟེང་དུ་བྲིས་ཡོད་པ་དེ་ནི་༢༠༠༢་ལོར་བསྐྱར་བཅོས་དང་གསར་བཟོ་བྱས་པའི་གཏན་འབེབས་གསར་བའི་ཁྲིམས་ཡིག་ཡིན་པ་དང་། བསྒྱུར་མཁན་ཁྲིམས་གླེང་དྲ་རྒྱ་ཡིན་ལ་ད་ལྟ་ལག་བསྟར་ལྟར་སྣང་ཙམ་བྱེད་བཞིན་པའི་གཏན་འབེབས་ཀྱང་འདི་ཉིད་ཡིན་ནོ། ད

རོང་འབྲོག་པའི་ས་ཞིང་ནོར་བུ་ཡིན། དེའི་རིན་ཐང་ལོ་རེར་ཇེ་མཐོ་རེད།  

ས་ཞིང་འགན་གཙང་ལེན་གྱི་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལས་འཕྲོས་པ།

ཁོར་ཡུག་སྲུང་སྐྱོབ་བྱེད་སྐབས་ཤེས་དགོས་པའི་ཁྲིམས་ལུགས་ཁག (གཉིས་པ།)

༣༽ ཐོབ་ཐང་ལ་གནོད་འཚེ་འགན་ལེན་གྱི་ཁྲིམས། (侵权责任法)

ཁོར་ཡུག་སྲུང་སྐྱོབ་བྱེད་སྐབས་ཤེས་དགོས་པའི་ཁྲིམས་ལུགས་ཁག

༡ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས། 中华人民共和国环境保护法 བཅའ་ཁྲིམས་འདི་ནི། ༡༩༨༩ ་ལོར་གསར་བཟོ་དང་། ༢༠༡༤ ་ལོར་བསྐྱར་བཅོས་བྱས་ཏེ། ༢༠༡༥ ་ལོའི་ཟླ་དང་པོ་ནས་བཟུང་ལག་བསྟར་བྱས་པ་རེད། བཅའ་ཁྲིམས་འདིས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་གཙོ་བོ་དེ་ས་གནས་སྲིད་གཞུང་གིས་ཁུར་དགོས་པར་གཏན་འབེབས་བྱས་ཏེ། སྲིད་གཞུང་གིས་ཁོར་ཡུག་གི་སྤུས་ཚད་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་སྒོས་ཁོར་ཡུག་གི་སྤུས་ཚད་གང་ཞིག་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཚད་གཞི་ལོན་པ་བྱེད་པའི་འགན་འཁྲི་སྒྲུབ་དགོས་པར་བསྟན་ཡོད། སྲིད་གཞུང་གི་ལས་དོན་ལམ་ལྷོངས་དང་ལེགས་འགྲུབ་ཡོང་བའི་ཆེད་དུ། སྲིད་གཞུང་གི་ ཁོར་ཡུག་ལས་དོན་ལ་མང་ཚོགས་ཀྱིས་ལྟ་རྟོག་སྐུལ་འདེད་བྱེད་པའི་ཐོབ་ཐང་ཡོད་པའང་གཏན་འཁེལ་བྱས་ཡོད། བཅའ་ཁྲིམས་འདིའི་དོན་ཚན་ ༥༣ ་པའི་ཚན་པ་དང་པོའི་ནང་དུ། སྤྱི་དམངས་དང་ཁྲིམས། གང་ཟག རྩ་འཛུགས་ཚོགས་པ་ཁག་གཞན་ལ་ཁོར་ཡུག་གི་ཆ་འཕྲིན་རྒྱུས་ལོན་བྱེད་པའི་ཐོབ་ཐང་ཡོད་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ནང་དུ་མཉམ་ཞུགས་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་ལྟ་རྟོག་སྐུལ་འདེད་བྱེད་པའི་ཐོབ་ཐང་ཡོད་ཅེས་གཏན་ལ་ཕབ་ཡོད། དེར་བརྟེན། སྤྱི་དམངས་ཀྱིས་རང་ཉིད་གནས་སའི་ཁོར་ཡུག་ལ་གཏོར་བརླག་དང་འབག་བཙོག་ཐེབས་ཀྱི་ཡོད་པར་བསམ་ན། ས་གནས་སྲིད་གཞུང་ལ་འབྲེལ་བ་བྱས་ནས་དེའི་སྐོར་གྱི་གནས་ཚུལ་ཤེས་རྟོགས་དང་། རང་ཉིད་ཁོར་ཡུག་སྲུང་སྐྱོབ་ལས་དོན་ནང་མཉམ་ཞུགས་བྱེད་པ་ནི་ཐོབ་ཐང་ལོངས་སུ་སྤྱོད་པའི་ཆ་ཤས་ཤིག་ཡིན། དེ་ནས་ས་གནས་སྲིད་གཞུང་གིས་ལོ་རེར་ཁོར་ཡུག་སྲུང་སྐྱོབ་ཀྱི་ལོ་འཁོར་སྙན་ཐོ་དང་། ལོ་དེར་ཁོར་ཡུག་དང་འབྲེལ་བའི་གནད་དོན་ཚབས་ཆེན་ཅི་བྱུང་གི་སྐོར་ལ་གསལ་བཤད་ཡི་གེ་བྲིས་ཏེ། རང་ཉིད་གང་གི་ཁོངས་སུ་གཏོགས་པའི་དམངས་ཆེན་ལྷན་ཁང་ལ་ཞུ་འབུལ་བྱས་ཏེ། དམངས་ཆེན་ལྷན་ཁང་གིས་ལྟ་རྟོག་བྱེད་དུ་འཇུག་དགོས། དོན་ཚན་འདིས། དམངས་ཆེན་ལྷན་ཁང་ནང་བྱ་བ་སྒྲུབ་བཞིན་པའི་བོད་ཁུལ་གྱི་བླ་ཆེན་མི་དྲག་དག་ལ་རང་གི་ཁོངས་གཏོགས་ཀྱི་ལྷ་སྡེ་མི་སྡེའི་སྣོད་བཅུད་ལ་གཞན་གྱིས་གཏོར་བརླག་བྱས་དང་བྱེད་བཞིན་པའི་གནས་ཚུལ་ཅི་ཡོད་ཐེར་འདོན་དང་། དཀའ་རྙོག་ཡོ་བསྲང་གི་དབང་ཚད་ཡོད་པ་གསལ་པོར་བསྟན་ཡོད། དེའི་རྒྱུ་མཚན་གྱིས། དམངས་ཆེན་རྒྱུན་ལས་ནང་བྱ་བ་སྒྲུབ་ཀྱིན་པའི་བླ་དཔོན་ཚོས་སྲིད་གཞུང་དང་ཁེ་ལས་གཉེར་མཁན་གཞན་མཉམ་འབྲེལ་སོགས་ཀྱི་གནས་སྟངས་འོག་ནས་བླ་རི། བླ་མཚོ། གནས་ཆེན་སོགས་འདུས་པའི་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་རིགས་མཚམས་འཇོག་བྱེད་པར་སྐུལ་འདེད་དང་། དེར་ཚོད་འཛིན་བྱེད་པ། དེར་ཁ་གཏད་གཅོག་པའི་འགན་འཁྲི་དང་མགོ་འདྲེན་བྱེད་པའི་དབང་ཆ་ཡོད། དེ་ནི་ཁྲིམས་ལུགས་ཀྱི་རྒྱབ་རྟེན་ཡོད་པའི་དབང་ཆ་ཞིག་ཡིན། ཁྲིམས་ལུགས་དེས་སྐྱེ་ཁམས་དམར་ཐིག་ཅེས་པའི་ལམ་སྲོལ་གཏོད་དེ། སྐྱེས་ཁམས་ཉམས་ཆག་གི་ས་ཆ་གང་ཞིག་ཐིག་ཚད་བླངས་ཏེ། སྲུང་སྐྱོབ་ནན་ཏན་བྱེད་ཀྱིན་ཡོད་པས། ཚད་ཐིག་བླངས་པའི་ས་ཁོངས་དེའི་ནང་དུ་ས་བརྐོ་རྡོ་སློག་བྱེད་མཁན་བཀག་སྡོམ་དང་། ངོ་རྒོལ་བྱེད་སླ་བ་བཟོས་ཡོད། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ནི་སྲིད་གཞུང་ཁོ་ནས་ཐེག་པའི་ལས་དོན་ཞིག་མིན་པར་གཞིགས་ཏེ། ཁྲིམས་ལུགས་འདིའི་ནང་དུ་མི་དམངས་དང་། སྐྱིད་སྡུག་ཚོགས་པ་བཅས་ལ་ཁོར་ཡུག་སྐཔོར་གྱི་ཆ་འཕྲིན་རྒྱུས་ལོན་གྱི་ཐོབ་ཐང་ཡོད་པ་དང་། ལྟ་སྐུལ། མཉམ་ཞུགས་བཅས་ཀྱི་ཐོབ་ཐང་ཡོད་པ་གཏན་འཁེལ་བྱས་ནས་ཁོར་ཡུག་དང་འབྲེལ་བའི་གནད་དོན་ལ་ས་གནས་སྲིད་གཞུང་གི་ཁོར་ཡུག་ལས་ཁུངས་ཀྱིས་དོ་སྣང་མི་བྱེད་པའམ། ཁེ་ལས་གཉེར་མཁན་དང་མཉམ་འབྲེལ་བྱས་ནས་ཁོར་ཡུག་ལ་གཏོར་བརླག་བྱེད་པ་སོགས་ཀྱི་གནས་ཚུལ་བྱུང་ན། མི་དམངས་ཀྱིས་གོང་རིམ་སྲིད་གཞུང་གི་ཞིབ་རྟོག་ལས་ཁུངས་(监察机关)ལ་ཞུ་གཏུག་བྱས་ཏེ་ཐེར་འདོན་དང་ཡོ་བསྲང་བྱེད་ཆོག་པར་བཤད་ཡོད། དེས་མི་ཚད་ཁྲིམས་དེས་སྤྱི་ཕན་གཏུག་བཤེར་གྱི་ལམ་ལུགས་ངོས་ལེན་བྱས་ཏེ། སྤྱི་ཚོགས་ཚོགས་པ་ལ་ཁོར་ཡུག་གི་ཆེད་དུ་དམངས་དོན་སྤྱི་ཕན་ཞུ་གཏུག་བྱེད་ཆོག་པའི་ཐོབ་ཐང་སྤྲད་ཡོད། བོད་ཁུལ་ལ་མཚོན་ན། འདི་འདྲའི་ཁོར་ཡུག་སྤྱི་ཕན་གྱི་རིགས་གཏུག་བཤེར་བྱས་ཆོག་པའི་ཁོར་སྲུང་ཚོགས་པ་མང་པོ་མེད་ནའང་། ང་ཚོར་དགོན་པ་མང་པོ་ཞིག་ཡོད་པས། ང་ཚོས་མི་རིགས་རང་གི་བསམ་བློའི་རིག་གནས་དང་འཚོ་གནས་རིག་གནས་ཀྱི་ཆ་ནས་དགོན་པ་ཁག་གིས་དུས་ཡུན་རིང་པོ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་རིམ་ཅན་དུ་བསྒྲུབས་དང་སྒྲུབ་བཞིན་པའི་གནས་བབ་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་པ་དང་ཁྱད་ཆོས་ལྡན་པའི་ངོས་དེ་རྒྱུ་མཚཉ་དུ་བཀོད་ནས། བོད་ཁུལ་གྱི་དགོན་པ་ཁག་ཁོར་ཡུག་སྲུང་སྐྱོབ་ལས་དོན་གྱི་ཆ་ནས། སྤྱི་ཕན་གཏུག་བཤེར་བྱེད་ཆོག་པའི་ཁྲིམས་མཐུན་སྒྲིག་ཚོགས་ལྟ་བུའི་ནུས་པ་ཅན་དུ་བསྒྱུར་རྒྱུ་དང་། དེར་རྒྱལ་ཁབ་ཀྱིས་ངོས་ལེན་ཐོབ་པ་ཡིན་ན། དེས་ཀྱང་བོད་ཀྱི་སྣོད་བཅུད་སྲུང་སྐྱོབ་ལ་ཕན་པ་བླ་ལྷག་འབྱུང་ངེས་པ་ཡིན། ཁྲིམས་འགལ་གྱིས་གཏེར་ཁ་བསྔོག་པའམ་བཟོ་གྲྭ་བཙུགས་ནས་ས་ཆུ་འབག་བཙོག་བཟོས་དང་བཟོ་བཞིན་པ། བཟོ་སྲིད་པ་བཅས་ཀྱི་གནས་ཚུལ་བྱུང་བ་ཡིན་ན། རྫོང་རིམ་པའི་སྲིད་གཞུང་གིས་བཟོ་གྲྭ་དེ་དག་གི་ཡོ་བྱད་དང་འཕྲུལ་ཆས་སོགས་གཞུང་བཞེས་བྱས་ཆོག་པ་མ་ཟད་འབྲེལ་ཡོད་བཟོ་གྲྭའི་མགོ་ཁྲིད་མི་སྣ་སོགས་སྲིད་འཛིན་བཀག་ཉར་ཀྱང་བྱས་ཆོག ཡང་། སྲིད་གཞུང་གི་ལས་བྱེད་རྣམས་ཀྱིས་ལས་དོན་འཐུས་ཤོར་བཏང་ལ་བ་བརྟེན་ནས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཚེ། འབྲེལ་ཡོད་མགོ་ཁྲིད་དང་ལས་བྱེད་པ་གནས་དབྱུང་གཏོང་བའམ་རྩ་དགོངས་ཞུ་དགོས་པའི་གཏན་འཁེལ་ཀྱང་བྱས་ཡོད། དེས་ན། ས་གནས་མང་ཚོགས་ཀྱིས་ཁོར་ཡུག་ལ་དོ་སྣང་མི་བྱེད་པའི་མགོ་ཁྲིད་རིགས་ལ་རྩ་དགོངས་ཞུ་དགོས་པའི་རེ་འདུན་བཏོན་ནས། སྲིད་གཞུང་གིས་གཏན་འབེབས་ལྟར་ཁོར་སྲུང་ལས་དོན་ལ་ནན་ཏན་བྱེད་པར་སྐུལ་འདེད་བྱས་ན་འགྲིག   ༢ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་ཕོག་ཐུག་ཚོད་དཔག་བཅའ་ཁྲིམས། 中华人民共和国环境影响评价法 ཁྲིམས་འདི་ནི། ༢༠༠༣ ལོར་བཟོས་ཏེ། ༢༠༡༦ ་ལོར་བསྐྱར་བཅོས་བྱས་པ་རེད། ཁོར་ཡུག་ཕོག་ཐུག་ཚོད་དཔག་ཅེས་པ་ནི་འཛུགས་སྐྲུན་དང་བཀོད་འདོམས་བྱ་གཞག་གི་རྣམ་གྲངས་ཤིག་ལག་བསྟར་བྱས་པའི་རྗེས་སུ། དེས་ཁོར་ཡུག་ལ་ཕོག་ཐུག་དང་ངན་ཕྱོགས་ཀྱི་ཤན་ཤུགས་གང་དག་ཐེབས་པར་དཔྱད་པ་དང་ཚོད་དཔག་བྱེད་པའི་ལས་དོན་གྱི་རྣམ་གཞག་ཅིག་ལ་ཟེར། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོས་རང་བྱུང་ཁམས་ལ་གནོད་འཚེ་བྱེད་པའི་དཔལ་འབྱོར་འཕེལ་རྒྱས་དང་། དཔའ་འབྱོར་འདུ་འགོད་ཀྱི་ལས་ཀ་མཐར་ལྷུང་དག་གི་མཇུག་འབྲས་ནི་སྐྱི་གཡའ་བ་ཞིག་ཡིན་པ་ནི་དོན་དངོས་གྱིས་ར་སྤྲོད་བྱས་ཟིན་པའི་བདེན་པ་ཞིག་ཏུ་གྲུབ་ཟིན་ལ། རང་རེའི་རྒྱལ་ཁབ་ཀྱིས་ཀྱང་དེ་ལས་བསླབ་བྱ་དང་གྱོང་གུད་མི་ཉུང་བ་རག་ཟིན་པའི་དངོས་ཡོད་གནས་ཚུལ་རྒྱབ་ལྗོངས་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྲིད་བྱུས་དང་ཁྲིམས་ལུགས་འདི་དག་གཏན་ལ་ཕབ་པ་རེད། ཁོར་ཡུག་ལ་ཕོག་ཐུག་ཚོད་དཔག་བྱེད་ཡུལ་ལ་རིགས་གཉིས་ཡོད། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་ལས་ཁུངས་ཀྱིས་ས་ཆ་དང་གཙང་པོ་དང་། མཚོ་སོགས་ཇི་ལྟར་འཛུགས་སྐྲུན་དང་གསར་གཏོད། བཀོལ་སྤྱོད་བཅས་བྱེད་པའི་ལས་འཆར་ལ་ཁོར་ཡུག་ལ་ཕོག་ཐུག་ཚོད་དཔག་བྱེད་པའི་རིགས་གཅིག་དང་། སྲིད་གཞུང་རིམ་པས་གཏན་འཁེལ་བྱས་པའི་ཞིང་འབྲོག་ལས་དང་རང་བྱུང་ཐོན་ཁུངས་དང་གྲོང་ཁྱེར་འཛུགས་སྐྲུན་ལས་འཆར་གྱིས་ཁོར་ཡུག་ལ་ཕོག་ཐུག་ཅི་འབྱུང་ལ་ཚོད་དཔག་དང་བཀོད་འདོམས་བྱེད་པ་བཅས་རིགས་གཉིས་ཡོད། མདོར་ན། འཛུགས་བསྐྲུན་གྱི་ལས་གཞི་གང་ཞིག་སྤེལ་བ་ཡིན་ན། དེས་ཁོར་ཡུག་ལ་ཕོག་ཐུག་དང་ཤན་ཤུགས་གང་ཞིག་ཐེབས་རྒྱུ་ཡིན་པ་ཚོད་དཔག་བྱེད་པའི་ལམ་ལུགས་ཤིག་ཡིན། ཁྲིམས་འདིའི་རྩ་དོན་ནི། དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་འཛུགས་སྐྲུན་དང་། བཀོད་འདོམས་ཀྱི་བྱ་གཞག་དང་ལས་དོན་གྱིས་སྐྱེ་ཁམས་ཁོར་ཡུག་ལ་ཕོག་ཐུག་གང་དག་འབྱུང་ངེས་པ་དེ་ཚོ་དྲང་བདེན་དང་ཁ་གསལ་གྱི་སྒོ་ནས་སྤྱི་ཚོགས་ལ་གསལ་བསྒྲགས་བྱེད་པ་དང་། ཁོར་ཡུག་ལ་ཕོག་ཐུག་ཚོད་དཔག་ཇི་ལྟར་བྱེད་དགོས་པ་དང་ཚོད་དཔག་གི་དཔྱད་འབྲས་དེར་འཛུགས་སྐྲུན་ལས་ཁུངས་དང་བཟོ་གྲྭ་སོགས་ཀྱིས་ངེས་པར་དུ་བརྩི་སྲུང་བྱས་ཏེ། ཆ་རྐྱེན་ཚང་ཞིང་དང་འཆར་གཞི་ཚད་ལྡན་ཡིན་ན་བཟོ་གྲྭ་སོགས་འཛུགས་ཆོག་པ་དང་། ཚད་ལྡན་མིན་ན་བཟོ་གྲྭ་སོགས་འཛུགས་མི་ཆོག་པ་ཡིན། དེ་ནས་བཟོ་གྲྭ་འཁོར་བསྐྱོད་དང་ཐོན་སྐྱེད་ཀྱི་སྐབས་སུའང་ཚོད་དཔག་གི་དཔྱད་འབྲས་ལྟར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་སྒོ་ནས་ཐོན་སྐྱེད་བྱེད་དགོས། ཁོར་ཡུག་ལ་གནོད་པ་ཐེབས་སྲིད་པའི་ལས་གཞི་གང་རུང་ཞིག་ལ་ཚོད་དཔག་བྱེད་སྐབས། ཚོད་དཔག་བྱེད་མཁན་ཀྱང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་སྤྲད་ཅིང་ཁོར་ཡུག་ཕོག་ཐུག་ཚོད་དཔག་ཚད་དང་ལྡན་པའི་སྒོ་ནས་བྱེད་ཐུབ་པའི་ཚོགས་པ་ཞིག་ཡིན་དགོས། ཚོད་དཔག་བྱེད་སྐབས་ཉན་ཚོགས་དང་རྩོད་ཚོགས་སོགས་བསྐོང་ནས་འབྲེལ་ཡོད་ཆེད་མཁས་པ་དང་མང་ཚོགས་ཀྱི་བསམ་ཚུལ་ཀྱང་སྡུད་ལེན་བྱེད་དགོས་པ་བཅས་ནི་རྩ་དོན་ཡིན། དེས་ན་བོད་ཁུལ་ན་བཟོ་གྲྭའམ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་གང་རུང་གི་མགོ་རྩོམ་པའམ་བརྩམས་ཟིན་པ་གང་ཞིག་ཡིན་ནའང་། ས་ཆ་དེའི་མང་ཚོགས་ལ་ཁོར་ཡུག་ཕོག་ཐུག་ཚོད་དཔག་གི་སྙན་ཐོ་སོགས་བལྟ་བའི་ཐོབ་ཐང་ཡོད་པ་དང་། རང་ཉིད་དང་རང་གི་འཚོ་གནས་ལ་འབྲེལ་བ་ཡོད་ན། ཁོར་ཡུག་ཕོག་ཐུག་ཚོད་དཔག་གི་ལས་དོན་ནང་དུ་མཉམ་ཞུགས་བྱས་ཏེ། རང་ལ་ཕན་གནོད་གང་གང་ཡོད་པ་ཤེས་རྟོགས་བྱེད་ཆོག་ལ། རང་ཉིད་ལ་མོས་མཐུན་ཡོད་མེད་ཀྱི་བསམ་འཆར་སོགས་བཤད་དེ། ཁོར་ཡུག་དང་རང་གི་ས་ཆུ་ལ་བདག་གཅེས་དང་སྲུང་སྐྱོབ་བྱེད་ཆོག་པས། ཁྲིམས་འདི་ཡང་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།   (མུ་འགོད་བྱེད་གི་ཡིན།)

བོད་ཀྱི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་སྤྱི་བཤད།

རྩོམ་པ་པོ། རྡོ་སྦིས་ཚེ་རིང་རྒྱལ།

དབྱར་རྩྭའི་གནད་ལྔ།

དང་པོ། སྲིད་འཛིན་ཆོག་མཆན་ཞུ་སྐབས། བོད་ཀྱི་རྩྭ་ཐང་དང་རི་འགོ་ན་དབྱར་རྩྭ་དགུན་འབུ་སྐྱེས། རྩྭ་དེ་ས་འོག་ཏུ་ཡོད་པའི་སྐབས་སུ། དམངས་ཁྲིམས་དང་དངོས་དབང་གི་ཁྲིམས་སོགས་ཀྱི་གཏན་འཁེལ་ལྟར་ན། དབྱར་རྩྭ་སྐྱེས་ས་དེ་ས་ཞིང་འགན་གཙང་ལེན་གྱི་གན་རྒྱ་བརྒྱུད་ནས་རྩྭ་སའི་ཕན་སྤྱོད་དངོས་དབང་སྟེ་བདག་གཉེར་དང་ཁེ་ཕན་ལེན་པའི་ཐོབ་ཐང་བདོག་པའི་འབྲོག་པ་ལ་དབང་། དངོས་དབང་གི་ཁྲིམས་ཀྱི་དོན་ཚན་༡༢༤་ཡི་ཚན་པ་༢་དང་། ཁྲིམས་དེའི་དོན་ཚན་༡༢༥་ནང་དུ་གཏན་འཁེལ་ཡོད། དེའི་ཕྱིར་དབྱར་རྩྭ་སྐྱེས་པའི་དུས་སུ་དེའི་བདག་དབང་ནི་རྩྭ་ས་འཛིན་མཁན་ གྱི་འབྲོག་པ་དག་ལ་བདོག དབྱར་རྩྭ་ནི་དཀོན་ཞིང་རྙེད་དཀའ་བའི་རྒོད་སྐྱེས་རྩྭ་ལྡུམ་ཡིན་པས་རྒྱལ་ཁབ་ཀྱི་མཆོག་གྱུར་ལྡུམ་རིགས་གྱི་ཨང་རིམ་གཉིས་པའི་གྲས་སུ་གཏོགས།རྩྭ་ཐང་གི་ཁྲིམས་དང་མཆོག་གྱུར་ལྡུམ་རིགས་སྲུང་སྐྱོབ་ཀྱི་ཁྲིམས་ལ་སོགས་པའི་གཏན་འཁེལ་ནང་དུ་བསྲུང་བྱའི་ཡུལ་དུ་གྱུར་ཡོད། ལོ་རེའི་ཟླ་༥་བ་ནས་༦་པ་ནི་དབྱར་རྩ་བརྐོ་པའི་དུས་ཚུགས་ཡིན། འདིའི་སྐབས་སུ་དབྱར་རྩྭ་ལ་བདག་དབང་ཡོད་པའི་འབྲོག་པ་རྣམས་ཀྱིས་དབྱར་རྩྭ་བརྐོ་བའམ། གཞན་གྱིས་འབྲོག་པ་དང་གན་རྒྱ་བཞག་ནས་དབྱར་རྩྭ་བརྐོ་རྒྱུ་ཡིན་ན། ཐོག་མར་ས་གནས་སྲིད་གཞུང་ལ་དབྱར་རྩྭ་བརྐོས་ན་ཆོག་པའི་སྲིད་འཛིན་ཆོག་མཆན་ཡི་གེ་ཞུ་དགོས། དབྱར་རྩྭ་བརྐོ་མཁན་གྱིས་ཆོག་མཆན་ཞུས་རྗེས། ས་གནས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་དབྱར་རྩྭ་བརྐོ་བའི་ཆོག་མཆན་ཡི་གེ་ཞུ་མཁན་ལ་སྤྲོད་མིན་གྱི་ཐག་གཅོདདུས་ལྟར་བྱེད་དགོས་ཤིང་། ཆོག་མཆན་སྤྲོད་གི་མིན་ན་རྒྱུ་མཚན་བཤད་ནས་ཆོག་མཆག་ཞུ་མཁན་ལ་གོང་རིམ་ལས་ཁུངས་ལ་སྲིད་འཛིན་བསྐྱར་གྲོས་དང་ཁྲིམས་ཁང་ནས་སྲིད་འཛིན་གཏུག་བཤེར་སོགས་ཀྱི་ཐོབ་ཐང་ཡོད་པ་གསལ་བཤད་ཡི་གེ་སྤྲོད་དགོས། ཆོག་མཆན་ཞུས་མཁན་གྱིས་ཀྱང་དུས་ལྟར་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་སོགས་ཀྱི་ཐབས་ལམ་བསྟེན་ནས་རང་གི་ཐོབ་ཐང་སྲུང་སྐྱོབ་བྱས་ན་འགྲིག དཔེར་ན། བོད་རང་སྐྱོང་ལྗོངས་ལྟ་བུར་མཚོན་ན། དབྱར་རྩ་བརྐོ་བ་དང་ཉོ་འཚོང་བྱེད་དུས་། སྲིད་གཞུང་གི་ཆོག་མཆན་ཡི་གེ་ངེས་པར་དུ་ཡོད་དགོས་ཟེར། མཚོ་སྔོན་ཞིང་ཆེན་གྱིས་ཀྱང་༢༠༠༤་ཡི་ལོར་དབྱར་རྩྭ་བརྐོ་བའི་ཐད་ལ་་གཏན་འཁེལ་ཞིག་བཞག་ཡོད་པ་གཤམ་གྱི་འབྲེལ་ཐག་བརྒྱུད་ནས་གཟིགས། ཡིན་ནའང་ཉོ་འཚོང་གི་སྐོར་ལ་དོ་དམ་གྱི་གཏན་འཁེལ་མེད་པས། མཚོ་སྔོན་ཞིང་ཆེན་ལ་སྐྱོན་བརྗོད་བྱེད་མཁན་ཡང་བྱུང་ཡོད་མོད། ༢༠༡༤་ལོར་མཚོ་སྔོན་ཞིང་ཆེན་གྱིས་བོད་ཡུལ་གྱི་གནས་བབ་ལ་གཞིགས་ནས་ཉོ་ཚོང་སྐོར་ལ་སྲིད་འཛིན་དོ་དམ་མི་བྱེད་པའི་གསལ་བསྒྲགས་ཤིག་སྤེལ་ཡོད། སྤྱིར་བཏང་ཡིན་ན། འབྲོག་པས་རང་གི་ས་ཐོག་ནས་དབྱར་རྩྭ་བརྐོ་ཆོག་མོད་ས་གནས་སྲིད་གཞུང་གིས་ཆོག་མཆན་ལམ་ལུགས་བཙུགས་པ་དེར་ཁྲིམས་ཀྱི་གཞི་རྩ་མེད། འོན་ཀྱང་འདི་རུ་གླེང་བྱ་མིན་པས་མ་སྤྲོས། ཆོག་མཆན་མེད་པར་དབྱར་རྩྭ་བརྐོས་ན་སྲིད་གཞུང་གི་ལས་ཁུངས་འདྲ་མིན་གྱིས་ཆད་པ་འདྲ་མིན་གཅོད་པའི་ཉེན་ཁ་ཡོད།  གཉིས་པ། དབྱར་རྩྭ་བརྐོ་བའི་སྐབས། དབྱར་རྩྭ་བརྐོ་བའི་ཆོག་མཆན་ཐོབ་པའི་རྗེས་སུ། དབྱར་རྩྭ་བརྐོ་མཁན་རྩྭ་ཐང་དང་རི་འགོར་བུད་ནས་དབྱར་རྩྭ་བརྐོ་བར་སྟ་གོན་བྱེད་པའམ་བརྐོ་བཞིན་པའི་སྐབས་སུ། ཡང་སྲིད་གཞུང་གི་སྲིད་འཛིན་ལས་ཁུངས་འདྲ་མིན་ཡོང་ནས་ཆད་པ་འདྲ་མིན་གཅོད་གི་རེད། འདིའི་སྐབས་སུ་སྲིད་གཞུང་གི་ཁོར་ཡུག་དང་། རྩྭ་ཐང་དང་ས་ཆུ་དོ་དམ་བྱེད་པའི་ལས་ཁུངས། ཁྲལ་རིགས་དང་སྤྱི་བདེ་ལས་ཁུངས་སོགས་ཀྱིས་སྲིད་འཛིན་ཆད་གཅོད་ཀྱི་གཏན་འཁེལ་ལྟར་ཆད་པ་བཅད་ཚེ། སྲིད་འཛིན་ཆད་གཅོད་ཕོག་པའི་གང་ཟག་ལ་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད། སྲིད་གཞུང་གི་ལས་ཁུངས་ཁག་གིས་ཆད་པ་གཅོད་པར་གཞི་འཛིན་སའི་ཁྲིམས་ལུགས་སྣ་ཚོགས་ཡོད། འདིའི་སྐབས་སུ་སྒོར་ཆད་གཙོ་བོ་ཡིན། ཁོར་ཡུག་དང་སྤྱི་ཚོགས་བདེ་འཇགས་གལ་ཆེན་ཡིན་མོད། སྲིད་གཞུང་གི་གནད་ཡོད་ལས་ཁུངས་ཀྱིས་དུས་སྐབས་འདི་དང་བསྟུན་ནས་སྒོར་ཆད་ལ་བརྟེན་ཏེ་སོ་སོའི་ལས་ཁུངས་ལ་ཁྲིམས་འགལ་གྱི་ཕོག་བཟོ་(创收)ལས་དོན་ཀྱང་སྤེལ་གི་ཡོད། གལ་ཏེ་སྤྱི་བདེ་ལས་ཁུངས་ཀྱིས་དབྱར་རྩྭ་བརྐོ་མཁན་ལ་སྒོར་ཆད་བཅད་ཚེ། ཁོར་ཡུག་དང་རྩྭ་ཐང་དང་ས་ཆུ་ལ་ལ་སོགས་པའི་ལས་ཁུངས་གཞན་གྱིས་དོན་དག་གཅིག་གི་སྟེང་ནས་དབྱར་རྩྭ་བརྐོ་མཁན་ལ་སྒོར་ཆད་ཡང་བསྐྱར་གཅོད་མི་ཆོག་པ་ནི་རྩ་དོན་ཡིན། སྲིད་འཛིན་ལས་ཁུངས་ཀྱིས་དེ་ལྟར་ཡང་བསྐྱར་ཆད་པ་བཅད་ཚེ་ཁྲིམས་འགལ་ཡིན་པ་ཤེས་དགོས། དེ་ལ་དོན་དག་གཅིག་ལ་ཆད་པ་ཐེངས་གཉིས་བཅད་མི་ཆོག་པའི་རྩ་དོན་ཟེར། (一事不二罚) དེ་མིན་སྲིད་འཛིན་ལས་ཁུངས་ཀྱིས་གོང་ནས་བཤད་པའི་བརྒྱུད་རིམ་བརྒྱུད་དགོས་ཤིང་། ཆད་པ་ཕོག་མཁན་ལ་ཁོང་གི་ཐོབ་ཐང་གང་ཡོད་སོགས་མངོན་གསལ་བྱ་དགོས། འདིའི་སྐབས་སུ་སྲིད་གཞུང་གི་ལས་བྱེད་ཀྱིས་ནམ་རྒྱུན་སྒོར་ཆད་ཕོན་ཆེན་པོ་གཅོད་གི་ཡོད་པས། ཆད་པ་ཕོག་མཁན་ལ་ངེས་བར་དུ་ཉན་ཚོགས་བསྐོང་བའར་རེ་འདུན་ཞུ་བའི་ཐོབ་ཐང་དང་།  སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་གྱི་ཐོབ་ཐང་དང་དུས་ཡུན། ཐབས་ལམ་སོགས་མཚམས་སྦྱོར་བྱེད་དགོས། སྲིད་འཛིན་ཆད་པ་ཕོག་མཁན་གྱིས་ཀྱང་རང་ཉིད་ཀྱི་ཐོབ་ཐང་བསྲུངསྐྱོབ་བྱེད་བར་ཐབས་ལམ་དེ་དག་བརྒྱུད་དེ་ཐོབ་ཐང་སློར་གསོ་ལ་རེམ་དགོས་པ་མ་གཏོགས་། སྒྱུད་ལུག་གི་ངང་ནས་དུས་འདའ་བར་མི་བྱའོ། དུས་ལས་འདའ་ཚེ་གོང་རིམ་སྲིད་གཞུང་དང་ཁྲིམས་ཁང་བཅས་ཀྱིས་ཞུ་གཏུག་ལ་ངོས་ལེན་མི་བྱེད་པའི་གནད་དེ་ཤེས་དགོས། དབྱར་རྩྭ་བརྐོས་ཚར་བའི་རྗེས་སུ། བརྐོ་ཤུལ་ཕྱིར་སྙོམས་ཏེ་རྩྭ་ས་སྲུང་སྐྱོབ་བྱེད་པ་དང་། གལ་སྙིགས་ཕྱོགས་ཕྱོགས་སུ་མི་གཏོར་བ་ཞིག་བྱས་ཏེ་འཁོར་ཡུག་སྲུང་སྐྱོབ་ཀྱི་གནད་ལ་གཟབ་དགོས་ཤིང་གནས་མ་ཡིན་པའི་གནས་ནས་དབྱར་རྩྭ་བརྐོས་ན་ཁྲིམས་དང་འགལ། དཔེར་ན། རྩྭ་ཆུ་ཉམ་ཐག་པའི་རྩྭ་ས་ལྟ་བུ་ནས་བརྐོ་མི་ཆོག དེ་ལྟ་མ་ཡིན་པར་ཁོར་ཡུག་ལ་གནོད་པ་བཟོས་ན། སྲིད་གཞུང་གི་ས་ཆུ་ལས་ཁུངས་ཀྱིས་རྩྭ་ཐང་གི་ཁྲིམས་དང་། ས་ཆུ་དོ་དམ་གྱི་ཁྲིམས་ལུགས་ལྟར་གང་ཟག་ཅིག་ལ་སྒོར་ཆད་ཁྲི་ལྔ་མན་ལ་བཅད་ཆོག དེའི་ཕྱིར་གནད་འདི་ལ་གཟབ་དགོས། བརྐོས་ནས་ལག་ཏུ་སོན་པའི་དབྱར་རྩྭའི་བདག་དབང་ནི་བརྐོ་མཁན་རང་ལ་ཡོད་པ་དང་། ཁྲིམས་མཐུན་གྱི་གན་རྒྱ་བརྒྱུད་ནས་མི་མཐུན་པའི་གཏན་འཁེལ་བྱས་ཡོད་ན་གན་རྒྱ་ལྟར་འགྲོ་དགོས། དབྱར་རྩྭ་གཞན་ལ་བཙོང་དུས། བོད་ལྗོངས་ལྟ་བུ་ལ་མཚོན་ན། དབྱར་རྩྭའི་བདག་པོས་དབྱར་རྩྭ་བཙོང་སྐབས། ངེས་བར་དུ་དབྱར་རྩྭ་ཉོ་བསྡུ་དང་ཚོང་གཉེར་གྱི་ཐོབ་ཐང་ཡོད་པའི་ཚོགས་པ་ལ་བཙོང་དགོས་ཞེས་ཁྲིམས་བཟོས་ཡོད། འབྲོག་པ་རང་གིས་བརྐོས་པའི་དབྱར་རྩྭ་ཡིན་ན། དབྱར་རྩྭ་བརྐོ་བའི་ཆོག་མཆན་ཡི་གེ་ལ་བརྟེན་ནས་རང་ཉིད་ཀྱིས་བརྐོས་པའི་དབྱར་རྩྭ་དེ་དབྱར་རྩྭ་ཉོ་འཚོང་བྱས་ཆོག་པའི་གང་ཟག་དང་ཚོགས་པ་ལ་བཙོང་ཆོག མཚོ་སྔོན་གྱི་བོད་ཁུལ་དུ་དབྱར་རྩྭ་བརྐོ་བ་ལ་ཁྲིམས་བཟོས་ཡོད་པ་མ་གཏོགས་ཉོ་ཚོང་གི་ཐད་ལ་ཁྲིམས་བཟོས་མེད། གསུམ་པ། ཉན་ཚོགས་ཞུ་སྐབས།(听证) དབྱར་རྩྭ་བརྐོ་སྐབས་དང་ཉོ་འཚོང་བྱེད་སྐབས། སྲིད་གཞུང་གི་ཁོར་ཡུག་ལས་ཁུངས་དང་བཟོ་ཚོང་ལས་ཁུངས་ཀྱིས་བརྐོ་བ་བོ་དང་ཉོ་འཚོང་བྱེད་མཁན་ལ་སྒོར་༥༠༠༠་ཡན་གྱི་་སྒོར་ཆད་བཅད་པ་དང་། ཡང་ན་རིན་གོང་སྒོར་༥༠༠༠་ཡན་ལ་སོན་པའི་དབྱར་རྩྭ་གཞུང་བཞེས་བཏང་བ།  སྤྱི་བདེ་ལས་ཁུངས་ཀྱིས་དབྱར་རྩྭའི་དོ་བདག་ལ་སྒོར་༢༠༠༠་ཡན་གྱི་ཆད་པ་བཅད་པ་དང་། དབྱར་རྩྭ་བརྐོ་བའི་ཆོག་མཆན་ཡི་གེ་དང་ཉོ་འཚོང་ཡི་གེ་སོགས་ཕྱིར་བསྡུ་བྱེད་པའི་ཆད་པ་བཅད་ཚེ། ཆད་པ་ཕོག་མཁན་གྱིས་ཆད་པ་གཅོད་མཁན་གྱི་ལས་ཁུངས་ལ་ཉན་ཚོགས་བསྐོང་བའི་རེ་བ་ཞུས་ཏེ། ཆད་པ་དྲང་བདེན་དང་ཁྲིམས་མཐུན་ཡིན་མིན་ལ་བརྟག་དཔྱད་དང་རྩོད་སྒྲུབ་བྱས་ན་ཆོག ལམ་ལུགས་དེ་ལ་ “ཉན་ཚོགས་” ཟེར།ཆད་པ་གཅོད་མཁན་གྱིས་ཀྱང་ཆད་པ་ཕོག་མཁན་གྱི་རེ་བ་ལྟར་ཉན་ཚོགས་བསྐོང་ནས་སྲིད་འཛིན་ཆད་པ་དེ་དྲང་བདེན་དང་ཁྲིམས་མཐུན་ཡིན་མིན་ལ་དཔྱད་པ་གཏོང་དགོས། བཞི་པ། སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར། རྒྱལ་ཁབ་གུན་གསབ་ཀྱི་སྐབས། ཁྲིམས་ལྟར་ན། དབྱར་རྩྭ་བརྐོ་མཁན་ལ་སྒོར་ཆད་ལ་སོགས་པའི་ཆད་པ་གང་རུང་ཞིག་ཕོག་ཚེ། ཆད་པ་ཕོག་མཁན་གྱིས་ཆད་པ་གཅོད་མཁན་གྱི་ལས་ཁུངས་ཀྱི་གོང་རིམ་ལས་ཁུངས་ལ་སྲིད་འཛིན་བསྐྱར་གྲོས་ཞུས་ན་ཆོག སྲིད་འཛིན་བསྐྱར་གྲོས་ནི་ཆད་པ་ཕོག་མཁན་གྱིས་ཆད་པ་དྲང་བདེན་མིན་པར་མཐོང་སྟེ། སྲིད་འཛིན་ཆད་པ་གཅོད་མཁན་གྱི་གོང་རིམ་ལས་ཁུངས་ལ་ཆད་པ་དེ་ཡང་བསྐྱར་གྲོས་བསྡུར་བྱེད་པའི་རེ་འདུན་ཞུས་ནས། གོང་རིམ་ལས་ཁུངས་ཀྱིས་ཁྲིམས་ལྟར་བསྐྱར་གྲོས་བྱེད་པའི་ལམ་ལུགས་ཤིག་ཡིན། ཆད་པ་ཕོག་མཁན་གྱིས་ཆད་པ་ཕོག་པ་ཤེས་ཚོར་བྱུང་བའི་ཉིན་༦༠་ཚུན་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཞུ་དགོས། དེ་ལྟ་མ་ཡིན་ན་སྲིད་འཛིན་བསྐྱར་གྲོས་ཞུ་བའི་ཐོབ་ཐང་བརླག་འགྲོ གོང་རིམ་ལས་ཁུངས་ནས་ཀྱང་ཉིན་༦༠་ཡི་ནང་དུ་བསྐྱར་གྲོས་ཀྱི་ཐག་ཆོད་དགོས། གོང་རིམ་ལས་ཁུངས་ཀྱི་ཐག་བཅད་ལ་མོས་མཐུན་མེད་ན་ཐག་བཅད་ལག་ཏུ་སོན་པའི་ཉིན་མོ་ནས་ཉིན་༡༥་ཡི་ནང་དུ་ཁྲིམས་ཁང་ལ་གཏུག་བཤེར་བྱེད་དགོས། སྲིད་འཛིན་གཏུག་བཤེར་ནི་དབྱར་རྩྭ་བརྐོས་པ་དང་ཡང་ན་ཉོ་འཚོང་བྱས་པའི་རྐྱེན་གྱིས་སྲིད་འཛིན་ཆད་པ་ཕོག་ཅིང་། ཕོག་མཁན་གྱིས་སྲིད་འཛིན་བསྐྱར་གྲོས་ཀྱི་ཐག་ཆོད་ལ་མོས་མཐུན་མེད་ན། བསྐྱར་གྲོས་ཐག་བཅད་ཡི་གེ་ལག་ཏུ་སོན་པའི་ཉིན་བཅོ་ལྔ་ནང་སྲིད་འཛིན་གཏུག་བཤེར་བྱེད་དགོས་པ་་དང་། ཡང་ན་ཆད་པ་ཕོག་མཁན་གྱིས་སྲིད་འཛིན་བསྐྱར་གྲོས་མ་བརྒྱུད་པར་ཆད་པ་ཕོག་པ་ཤེས་རྗེས་ཀྱི་ཟླ་བ་གསུམ་གྱི་ནང་ཐད་ཀར་ཁྲིམས་ཁང་ལ་སོང་སྟེ། སྲིད་འཛིན་ཆད་གཅོད་ལ་ངོས་ལེན་མེད་པ་རྒྱུ་མཚན་དུ་བྱས་ཏེ་སྲིད་འཛིན་གཏུག་བཤེར་གྱི་སྒོ་མོ་ཕྱེ་ཆོག གལ་ཏེ་སྲིད་འཛིན་ཆད་གཅོད་སྐབས་སུ། ཆད་པ་གཅོད་མཁན་གྱིས་དབྱར་རྩྭ་བརྐོ་མཁན་ལ་ཆད་པ་བཅད་ཀྱང་འབྲེལ་ཡོད་ཀྱི་ཐོབ་ཐང་གསལ་བཤད་མ་བྱས་ཚེ། སྲིད་འཛིན་གཏུག་བཤེར་གྱི་དུས་ཡུན་དེ་སྲིད་འཛིན་ཆད་པ་ཕོག་པའི་ཉིན་ནས་བཟུང་བའི་ལོ་གཉིས་སམ་ལོ་ལྔ་བར་དུ་བསྲིང་ཆོག ་ཁྲིམས་ཁང་གིས་ཀྱང་སྲིད་འཛིན་གཏུག་བཤེར་གྱི་གྱོད་གཞི་དང་ལེན་བྱས་ཏེ། ཁྲིམས་བཤེར་བརྒྱུད་ནས་སྲིད་གཞུང་གི་ནོར་འཁྲུལ་ཅན་གྱི་ཆད་པ་ནུས་མེད་དུ་བཟོ་བའི་དབང་ཐང་ཡོད། རྒྱལ་ཁབ་གུན་གསབ་ནི། (国家赔偿) སྲིད་གཞུང་གི་ལས་ཁུངས་སོ་སོའི་དབྱར་རྩྭ་བརྐོ་མཁན་དང་ཉོ་འཚོང་བྱེད་མཁན་ལ་ཆད་པ་བཅད་པའམ། དབྱར་རྩྭ་གཞུང་བཞེས་བྱས་པ། དབྱར་རྩྭ་བརྐོ་མཁན་སྲིད་འཛིན་བཀག་གཉར་བྱས་པ་དེ་དག་དེ་ནོར་འཁྲུལ་ཡིན་པ་ཁྲིམས་ཁང་གིས་ངོས་འཛིན་བྱུང་བའམ། ཡང་ན་ལས་ཁུངས་དེའི་གོང་རིམ་ལས་ཁུངས་སོགས་ཀྱིས་ངོས་འཛིན་བྱུང་ཚེ། གྱོང་གུན་ཐེབས་པའི་དབྱར་རྩྭའི་དོ་བདག་ལ་སྲིད་གཞུང་ནས་གུན་གསབ་ལེན་པའི་ཐོབ་ཐང་ཡོད། རྒྱལ་ཁབ་གུན་གསབ་ཀྱི་ཁྲིམས་ལྟར་ན། སྲིད་གཞུང་གི་ལས་བྱེད་པས་ཁྲིམས་འགལ་གྱིས་དབྱར་རྩྭ་བརྐོ་མཁན་གྱི་དབྱར་རྩྭ་གཞུང་བཞེས་བྱས་པའམ་སྒོར་ཆད་བཅད་ན། དབྱར་རྩྭ་དང་ཆད་པ་བཅད་པའི་སྒོར་མོ་ཕྱིར་དབྱར་རྩྭ་དོ་བདག་ལ་སློག་དགོས་པ་མ་ཟད། དེ་ལས་མཆེད་པའི་གྱོང་གུན་ལ་གུན་གསབ་ཀྱང་སྟེར་དགོས། དེ་ནས་སྤྱི་བདེ་ལས་ཁུངས་ཀྱིས་དབྱར་རྩྭ་བརྐོ་མཁན་ལ་བཀག་ཉེས་བྱུང་ན། དབྱར་རྩྭ་བརྐོ་མཁན་ལ་ཉིན་རེར་སྒོར་༢༡༩་ཡི་གུན་གསབ་སྤྲོད་དགོས། དབྱར་རྩྭ་དོ་བདག་གིས་རྒྱལ་ཁབ་གུན་གསབ་ལེན་པའི་དུས་བཅད་ནི་སྲིད་གཞུང་གི་ཆད་པ་ཁྲིམས་འགལ་ཡིན་པ་གཏན་འཁེལ་བའི་ལོ་གཉིས་ཀྱི་ནང་ཚུན་ཡིན་པས། དོ་བདག་རྣམས་ཀྱིས་དུས་ཡུན་འདི་ལ་དོ་སྣང་དང་གཟབ་གནན་གབང་དགོས། ལྔ་བ། བདག་དབང་གི་སྐབས། འབྲོག་པ་རྣམས་ཀྱིས་དབྱར་རྩྭ་ཡི་གཏན་གྱི་བདག་དབང་ཟིན་དགོས་ན། ཐོག་མར་རྩྭ་སའི་བདག་དབང་དེ་ཟིན་དགོས་པ་ཞིག་བྱ་དགོས། རྩྭ་སའི་བདག་དབང་མེད་སོང་ན་དབྱར་རྩྭ་དང་ཐོན་ཁུངས་གཞན་གྱི་ཁེ་དབང་ཡང་རིམ་གྱིས་མེད་འགྲོ འབྲོག་པ་རྣམས་ཀྱི་དབྱར་རྩྭའི་བདག་དབང་གི་འབྱུང་ཁུངས་ནི་རྩྭ་སའི་དངོས་དབང་ངམ་འགན་གཙང་ལེན་གྱི་གན་རྒྱ་ལས་བརྒྱུད་པའི་བདག་དབང་ཟིན་ཡོད་པ་དེ་ཡིན། སྤྱིར་ཁྲིམས་ལུགས་ཀྱི་རང་བཞིན་ཐད་ནས་བཤད་ན། རང་བྱུང་ཐོན་ཁུངས་ཚང་མ་རྒྱལ་ཁབ་ལ་དབང་ཟེར། འོན་ཀྱང་རྩྭ་ས་འགན་གཙང་ལེན་གྱི་གན་རྒྱ་ལས་བྱུང་བའི་དངོས་དབང་གིས་རྩྭ་སའི་རང་བྱུང་ཐོན་ཁུངས་ལ་ལ་རྩྭ་ས་བདག་སྐྱོང་བྱེད་པའི་འབྲོག་པར་བྱིན་ཡོད། རྩྭ་སའི་བདག་སྐྱོང་གི་ཐོབ་ཐང་ཤོར་བ་ཡིན་ན་དབྱར་རྩྭའི་བདག་དབང་ཀྱང་གཏན་ནས་ཤོར་འགྲོ རྩྭ་ས་ནི་འབྲོག་པ་རྣམས་ལ་མཚོན་ན་ཚེ་སྲོག་ཡིན། དེང་སྐབས་ས་གནས་སྲིད་གཞུང་གིས་འབྲོག་པ་རྣམས་ཀྱི་རྩྭ་ས་ཕྱིར་བསྡུ་བྱེད་བཞིན་པ་དེ་ནི་ཁོང་ཚོས་རྩྭ་སའི་གཞལ་དུ་མེད་པའི་རིན་ཐང་དེ་མཐོང་ཡོད་པ་རེད། འབྲོག་པས་རྩྭ་སའི་བདག་དབང་དེ་ཟིན་ཡོད་ན། དབྱར་རྩྭའི་བྲན་གཡོག་ཏུ་མི་འགྱུར་བར་དབྱར་རྩྭའི་བདག་པོ་ཡིན། དེ་ལྟ་མ་ཡིན་ན། རྩྭ་སའི་བདག་དབང་ཤོར་བའི་འབྲོག་པ་རྣམས་ནི་འབྱུང་འགྱུར་གྱི་དུས་སུ་གདོན་མི་ཟ་བར་རྩྭ་ས་སྟེང་གི་དབྱར་རྩྭ་དང་སྨན་ལྡུམ་ཆེ་གེ་མོའི་བྲན་གཡོག་ཏུ་འགྱུར་ངེས་ཡིན།