བདག་གི་སྐོར།

ངའི་མིང་ལ་སྒྲོལ་མ་སྐྱབས་ཟེར། ༡༩༩༢ལོར་ཨ་མདོ་བོད་ཡིག་སློབ་གྲྭ་ཆེན་མོ་ཞིག་ནས་མཐར་ཕྱིན་ཏེ་ཕྱིས་སུ་བོད་ལ་རྒྱ་ནག་གི་ཁྲིམས་ཀྱིས་ཕན་ཐོགས་པར་སྙམ་ནས་རྒྱ་ནག་ལ་ཁྲིམས་སྦྱངས་བར་སོང་ཞིང་མི་ལོ་བདུན་ལྷག་ལ་ཁྲིམས་རིག་སློབ་སྦྱོང་དང་ལག་ལེན་བྱས་བ་ཡིན། ད་ལྟ་རྒྱ་ནག་གི་ཁྲིམས་ཀྱི་འགྱུར་བ་དང་དེ་ལས་མཆེད་པའི་ཤན་ཤུགས་ཀྱིས་བོད་མི་མང་ལ་ཁེ་ཕན་དང་གྱོང་གུན་གང་བདོག་གི་སྐོར་ལ་ཞིབ་འཇུག་བྱེད་མུས་ཡིན། ༢༠༡༤ལོར་གུང་ཁྲན་ཏང་གི་སྐབས་༡༨པའི་ཀྲུང་ཨུ་ཚང་འཛོམས་༤་བ་དང་དེའི་ཕྱི་ལོའི་ཐེངས་༦་པའི་བོད་དོན་ཚོགས་འདུ་སོགས་ཀྱིས་གཏན་ལ་འཁེལ་བའི་ཁྲིམས་ལྟར་བོད་ཁམས་སྐྱོང་རྒྱུའི་སྲིད་བྱུས་ལས་ཁོ་བོའི་སྔོན་དུས་ཀྱི་ཚོད་དཔག་དེ་བདེན་པར་སྒྲུབ་བཞིན་བདའ། བོད་མི་རྣམས་ཀྱིས་ཁྲིམས་ལུགས་ཀྱི་འུར་ཆ་ལ་བརྟེན་ནས་སོ་སོའི་ཐོབ་ཐང་གི་ལུག་ཁྱུ་དེ་འཚོ་སྐྱོང་བྱེད་བཞིན་ཕ་ཡུལ་གྱི་རིག་གནས་ཀྱི་རྩྭ་ས་དེའང་བདག་སྐྱོང་བྱེད་དགོས།