ཁྲིམས་ལུགས་ཇི་ལྟར་སློབ་སྦྱོང་བྱེད་པའི་སྐོར། (སྒྲ།)

 

ཀྲུང་གོ་རྒྱལ་ཁབ་ཀྱི་རྒྱལ་ཡོངས་རང་བཞིན་ཅན་དང་ས་གནས་རང་བཞིན་ཅན་གྱི་ཁྲིམས་ལུགས་རྒྱུས་ལོན་བྱེད་པ་ནི་གལ་ཆེ་ཞིང་། ཁྲིམས་ལུགས་དེ་དག་གིས་སོ་སོར་ཐོབ་ཐང་དང་རང་དབང་ཅི་ཡོད་པ། དྲང་བདེན་དང་ཐོབ་ཐང་སྲུང་སྐྱོབ་སོགས་ཀྱི་ཐབས་ལམ་བསྟན་ཡོད། དེས་ན་ཁྲིམས་ལུགས་དེ་དག་ལ་རང་རིགས་ཀྱི་དོ་སྣང་ཡོད་མཁན་དག་གིས་སློབ་སྦྱོང་ཅི་ལྟར་བྱེད་པ་ལ་གཤམ་ནས་འགྲེལ་བརྗོད་རགས་ཙམ་བྱེད་རྒྱུ་ཡིན།  ༡༩༨༩་ལོའི་ཡས་མས་སུ། མཚོ་སྔོན་ཞིང་ཆེན་མི་རིགས་སློབ་གླིང་གིས་བོད་རིགས་ཀྱི་མི་དམངས་ཞིབ་དཔྱོད་དཔོན་བསྐྱེད་བསྲིང་བྱེད་ཆེད་ཁྲིམས་ལུགས་འཛིན་གྲྭ་ཞིག་བསྐངས་ན་ཡང་། ལས་གཞི་དེ་༡༩༩༣་ལོའི་ཡས་མས་སུ་མུ་མཐུད་དུ་རྒྱུན་འཁྱོངས་མ་བྱས། འཛིན་གྲྭ་དེ་ལས་བོད་རིགས་ཁྲིམས་ལུགས་ཆེད་མཁས་མི་སྣ་དཔེར་ན་ཁྲིམས་དཔོན་བཀྲ་ཤིས་ཚེ་རིང་སོགས་བྱུང་ཡོད། ད་བར་སློབ་གྲྭ་ཆེན་མོ་མི་ཉུང་བ་ཞིག་ན་སྐད་གཉིས་ཁྲིམས་ལུགས་མི་སྣ་བསྐྱེད་བསྲིང་གི་འཛིན་གྲྭ་ཡང་འདུག 

དང་པོ། ཁྲིམས་ལུགས་ཁྱབ་བསྒྲགས་དང་རོགས་རམ་ལས་གཞི། ས་ཆ་ལ་ལའི་ཁྲིམས་ལུགས་རོགས་རམ་ལས་གཞི་དང་རྣམ་གྲངས་ཀྱི་ནང་དུ་རོང་འབྲོག་མང་ཚོགས་ལ་དམིགས་ཏེ་ཁྲིམས་ལུགས་དྲིལ་སྒྲོག་དང་འཆད་ཁྲིད་ཀྱི་ལས་ཚན་ཡོད་ཅིང་། ལས་ཚན་དེ་རིགས་ནམ་རྒྱུན་ས་གནས་ཀྱི་རྫོང་གི་ཁྲིམས་འཛིན་ཅུའུ་སོགས་ཀྱིས་བཀོད་སྒྲིག་བྱེད་ཀྱིན་ཡོད་པ་མ་ཟད། དཔལ་འབྱོར་གྱི་འཁོས་ཁ་ཞེན་པའི་མི་མང་ལ་རིན་མེད་དང་ཡང་ན་རིན་ཉུང་གི་ཁྲིམས་ལུགས་ཞབ་འདེགས་ཀྱི་ཞབས་ཞུ་ཡང་མཁོ་སྤྲོད་བྱེད་བཞིན་ཡོད། 

གཉིས་པ། བོད་ས་ཁུལ་གྱི་གྲོང་ཁྱེར་དང་མཛའ་འབྲེལ་ཡོད་པའི་ནང་ལོགས་ཀྱི་གྲོང་ཁྱེར་སྲིད་གཞུང་གིས་ཀྱང་ཁྲིམས་ལུགས་འཆད་ཁྲིད་དང་ཚོང་དོན་གྱི་རྒྱབ་སྐྱོར་དང་ཟབ་སྦྱོང་འཛིན་གྲྭ་སོགས་བཙུགས་ཏེ་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་བཞིན་ཡོད་ཅིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་ཀྱིས་ཆེད་ལས་རང་བཞིན་ཅན་གྱི་ཁྲིམས་ལུགས་མི་སྣ་བསྐྱེད་བསྲིང་བྱེད་ཀྱིན་ཡོད། 

གསུམ་པ། སྐད་གཉིས་ཁྲིམས་ལུགས་སློབ་མ་ཆེད་དུ་བསྐྱེད་བསྲིང་བྱེད་པའི་སློབ་ཆེན་དང་སྐད་གཉིས་ཁྲིམས་དཔོན་ཆེད་ལས་མི་སྣ་ཟབ་སྦྱོང་སྤྲོད་པའི་ས་ཚུགས། 

  • ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྐད་གཉིས་ཁྲིམས་ལུགས་བསྐྱེད་བསྲིང་འཛིན་གྲྭ
  • ནུབ་ལྷོ་མི་རིགས་སློབ་ཆེན་གྱི་སྐད་གཉིས་ཁྲིམས་ལུགས་བསྐྱེད་བསྲིང་འཛིན་གྲྭ
  • ནུབ་བྱང་མི་རིགས་སློབ་ཆེན་གྱི་སྐད་གཉིས་ཁྲིམས་ལུགས་བསྐྱེད་བསྲིང་འཛིན་གྲྭ
  • མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྐད་གཉིས་ཁྲིམས་ལུགས་བསྐྱེད་བསྲིང་འཛིན་གྲྭ
  • མཚོ་སྔོན་སློབ་ཆེན་གྱི་སྐད་གཉིས་ཁྲིམས་ལུགས་བསྐྱེད་བསྲིང་འཛིན་གྲྭ
  • ཀན་ལྷོ་སྐད་གཉིས་ཁྲིམས་དཔོན་ཟབ་སྦྱོང་ས་ཚུགས། 
  • བོད་ལྗོངས་སྐད་གཉིས་ཁྲིམས་དཔོན་ཟབ་སྦྱོང་ས་ཚུགས། 

བཞི་བ། སློབ་གྲྭ་མ་ཡིན་པའི་རྣམ་པ་གཞན་བརྒྱུད་ནས་ཁྲིམས་ལུགས་སློབ་གསོ་རག་ཐབས། 

ཀ༽  བརྒྱུད་ལམ་ཁག་ནས་ཁྲིམས་ལུགས་ཤེས་བྱ་སློབ་སྦྱོང་བྱེད་པ། 

ད་བར་ཁྲིམས་ལུགས་ཤེས་བྱ་མཁོ་སྤྲོད་ཀྱི་དྲ་ཚུགས་དང་རྩོམ་སྟེགས། དེ་བཞིན་དུ་ཚགས་ཤོག་སོགས་ཀྱི་སྟེང་དུ་ཁྲིམས་ལུགས་ཤེས་བྱ་ཁྱབ་སྤེལ་དང་། གྱོད་གཞི་དབྱེ་ཞིབ་སོགས་ཡོད་པས། དེ་དག་གི་རྗེས་སུ་འབྲང་སྟེ་སློབ་སྦྱོང་བྱས་ན་ཁྲིམས་ཤེས་བྱ་མི་ཉུང་བ་ཞིག་སློབ་སྦྱོང་བྱེད་ཐུབ། དཔེར་ན་ཁྲིམས་གླེང་དྲ་ཚིགས་དང་མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་ཤོག དེ་བཞིན་དུ་བོད་ལྗོངས་ཁྲིམས་ལུགས་ཚགས་ཤོག་ལྟ་བུ་སོགས། 

ཁ༽བོད་ཁུལ་གྱི་ས་གནས་མི་འདྲ་བ་རེ་ན་གཏམ་གླེང་རྒྱང་སྒྲོགས་དང་དྲ་ལམ་གྱི་ཚོམས་ཁང་སོགས་ཀྱིས་སྐབས་འགར་བོད་སྐད་སྨྲ་བའི་ཁྲིམས་ལུགས་ཆེད་གཉེར་བ་གདན་དྲངས་དེ་ཁྲིམས་ལུགས་དང་འབྲེལ་བ་ཡོད་པའི་བརྗོད་གཞི་སྤེལ་བཞིན་ཡོད་པ་དེ་ནས་རིན་ཐང་ཅན་གྱི་ཁྲིམས་ལུགས་ཤེས་བྱ་སློབ་སྦྱོང་བྱེད་ཐུབ། དཔེར་ན་མཚོ་སྔོན་རླུང་འཕྲིན་དང་བརྙན་འཔྲིན་ཁང་། དེ་བཞིན་དུ་ཁམས་པ་བརྙན་འཕྲིན་ཁང་སོགས་ཀྱིས་ཁྲིམས་ལུགས་བཅར་འདྲི་ལས་གཞི་སྤེལ་ཏེ་གྱོད་རིགས་སྣ་ཚོགས་ལ་དབྱེ་ཞིབ་ཀྱི་ལས་ཚན་ལྟ་བུ། 

ག༽ དཔེ་དེབ་དང་ཁྲིམས་ལུགས་གཏམ་བཤད་དཔེར་ན་ཁྲིམས་དཔོན་བཀྲ་ཤིས་ཚེ་རིང་དང་རམས་ཚེ་བྷོ་སོགས་ཀྱིས་བསྒྱུར་སྒྲིག་བྱས་པའི་དམངས་དོན་ཁྲིམས་གཞུང་གི་འགྱུར་དང་གསལ་འགྲེལ་གྱི་དེབ་ལ་སོགས་པ་བཀླགས་ཏེ་རང་གི་ཁྲིམས་ལུགས་ཤེས་བྱའི་ཆུ་ཚད་གོང་འཕེལ་གཏོང་བ། 

ལྔ་བ། དྲ་ཐོག་གི་ཁྲིམས་ལུགས་ཞབས་ཞུ་ལས་ཚན། 

ཁྲིམས་ལུགས་ཆེད་མཁས་པ་ལ་ལས་དྲ་ཐོག་སྟེ་དཔེར་ན་སྐད་ཕྲན་དང་མགྱོགས་འཕྲིན། འདུར་གཡེང་སོགས་ནས་ཁྲིམས་ལུགས་ཁྲིད་པའི་འཛིན་གྲྭ་བསྐངས་ཏེ་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁྲིད་པ། དཔེར་ན། 

  1. མགོ་ལོག་ཁྲིམས་དཔོན་མཚོ་ཟླ་གང་གི་སྐད་ཕྲན་སྟེང་ཁྲིམས་ལུགས་འཆད་ཁྲིད་འཛིན་གྲྭ་བཙུགས་པ། 
  2. བྲག་དཀར་དཔལ་ལྡན་གྱིས་དྲ་ཐོག་ནས་ཁྲིམས་ལུགས་ཁྲིད་པ། 
  3. ལྷ་སའི་ཁྲིམས་དཔོན་བསོད་ནམས་ཀྱིས་དྲ་ཐོག་ནས་ཁྲིམས་བཤད་པ། 

དྲུག་པ། 

  • བོད་རིགས་རང་སྐྱོང་ས་ཁུལ་གྱི་རྫོང་རིམ་པའི་མི་དམངས་ཁྲིམས་ཁང་ལ་ཁྲིམས་བཤེར་འདྲི་གཅོད་ལས་རོགས་པའི་ལས་ཞུགས་ནས་ཁྲིམས་ཁང་དུ་ཁྲིམས་དཔོན་དང་མཉམ་དུ་གྱོད་དོན་འདྲི་གཅོད་ཀྱི་ཁྲོད་དུ་ཁྲིམས་ལུགས་ཤེས་བྱ་སྦྱང་བ། བོད་ཀྱི་གཟུ་བ་དང་འདུམ་འགྲིག་པ་དག་ལས་འདི་ལ་ཞུགས་ན་དགེ་མཚན་མང་། 
  • བོད་རྒྱ་སྐད་གཉིས་ཁྲིམས་ལུགས་སློབ་སྒྱོང་བྱེད་པའི་སློབ་མ་དག་གིས་ཀྱང་རྒྱལ་ཁབ་ཀྱི་ཚད་ལྡན་ཁྲིམས་ལུགས་ལས་དོན་གྱི་རྒྱུགས་གཞིར་ཞུགས་ཏེ་ལག་ཁྱེར་བླངས་ནས་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན། ཁྲིམས་རྩོད་པ་དང་ཁྲིམས་དོན་བློ་འདྲི་བའི་ལས་ལ་ཞུགས་ཏེ་ཁྲིམས་ལུགས་ཀྱི་གོ་རྟོགས་ལག་ལེན་བརྒྱུད་ནས་གོང་འཕེལ་དུ་གཏོང་བ། 

བདུན་པ། དེ་ནས་ཁྲིམས་ལུགས་ཀྱི་བརྗོད་བྱ་ཤིན་ཏུ་མང་ནའང་། གཙོ་བོ་གཤམ་གྱི་ཁྲིམས་ལུགས་འདི་དག་གི་ནང་དོན་རོབ་ཙམ་ཤེས་ན་རང་ཉིད་ཀྱི་སློབ་སྦྱོང་གི་ཁ་ཕྱོགས་ལ་ཕན། 

  • རྩ་ཁྲིམས་ནི་རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་དབང་ཐང་བགོ་བཤའ་དང་སྒྲོམ་གཞི་གཏན་འཁེལ། མི་དམངས་ཀྱི་ཐོབ་ཐང་དང་རང་དབང་སོགས་བསྟན་པའི་གཞི་རྩ་རང་བཞིན་གྱི་ཁྲིམས་ལུགས་ཤིག་ཡིན། 
  • དམངས་ཁྲིམས་ནི་མི་དང་ཚོགས་ལ་སོགས་པའི་མི་ལུས་འབྲེལ་བ་དང་རྒྱུ་ནོར་གྱི་འབྲེལ་བ་བཀོད་འདོམས་ཀྱི་ཁྲིམས་ཤིག་ཡིན་པ་དང་། ད་སྐབས་དམངས་དོན་ཁྲིམས་གཞུང་བོད་ཡིག་ལ་བསྒྱུར་ཚར་བས་ཚང་མས་དེའི་བརྗོད་བྱ་དེ་ནས་རྒྱུས་ལོན་བྱས་ན་ཆོག 
  • ཉེས་ཁྲིམས་ནི་སྦྱོར་བ་གང་ཞིག་ཉེས་སྤྱོད་ཡིན་པ་དང་ཉེས་སྤྱོད་ཀྱི་གཞི་བསམ་པ་སྦྱོར་བ་མཐར་ཐུག་དང་དེ་ལ་དཔོན་པའི་ཉེས་ཆད་སོགས་གཏན་འཁེལ་གྱི་ཁྲིམས་ཡིན། 
  • དམངས་དོན་གཏུག་བཤེར་ཁྲིམས་ནི་དམངས་དོན་གྱི་དབང་གིས་ཁ་མཆུ་དང་རྩོད་གཞི་བྱུང་ན་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་དེ་ཇི་ལྟར་ཐག་གཅོད་པའི་བརྒྱུད་རིམ་གཏན་འཁེལ་གྱི་ཁྲིམས་ཡིན། 
  • ཉེས་དོན་གཏུག་བཤེར་ནི་ཁྲིམས་འཛིན་ལས་ཁུངས་བརྒྱུད་དེ་ཉེས་སྤྱོད་ཡོད་མེད་དང་དེ་ལ་ཉེས་ཆད་ཇི་ལྟར་ཐག་གཅོད་པའི་བརྒྱུད་གཏན་འཁེལ་གྱི་ཁྲིམས་ལུགས་ལ་གོ 
  • སྲིད་འཛིན་གཏུག་བཤེར་ཁྲིམས་ནི་སྲིད་གཞུང་གིས་གང་ཟག་དང་ཚོགས་པ་ཡི་ཐོབ་ཐང་ལ་གནོད་འཚེ་སོགས་བཏང་ཚེ། གྱོད་བདག་གིས་ཁྲིམས་ཁང་བརྒྱུད་ནས་རང་ཉིད་ཀྱི་ཐོབ་ཐང་སོར་ཆུད་ཀྱི་བརྒྱིད་རིམ་ཅན་གྱི་ཁྲིམས་ལུགས་ལ་གོ 

མདོར་ན། ཁྲིམས་ལུགས་ཀྱི་ཤེས་བྱ་ལ་ཐོས་བསམ་བརྒྱུད་ནས་རང་ཉིད་ལ་ཐོབ་ཐང་ཅི་ཡོད་ཤེས་ཐུབ་པ་མ་ཟད་ཐོབ་ཐང་དེ་དག་ཅི་ལྟར་སྲུང་སྐྱོབ་བྱེད་པའང་ཤེས་ཐུབ། རྒྱ་ནག་རྒྱལ་ཁབ་ནི་ཁྲིམས་ལ་ནན་ཏན་དུ་གནས་པའི་རྒྱལ་ཁབ་ཅིག་མིན་པས་རྒྱུ་མཚན་གྱིས་གནད་དོན་ཡོད་ཚད་ཁྲིམས་ལ་རྟོན་མི་རུང་། དེའི་ཕྱིར་རང་གི་ཤེས་པའི་ཁྲིམས་ལུགས་དང་རང་ཉིད་གནས་སའི་ཁོར་ཡུག་གི་མི་མང་མཐུན་སྒྲིལ་མཉམ་རུབ་ཀྱིས་ཐོབ་ཐང་ཟུང་འབྲེལ་གྱི་སྒོ་ནས་བརྩོན་ལེན་བྱེད་པ་དེ་ཤིན་ཏུ་གལ་ཆེའོ།